མའོ་ཞི་ཁོ་དང་ཝུ་ར་ཀུའེ་ཡི་རོགས་སྐྱོར་དངོས་རྫས་ཁུ་པཱ་རུ་འབྱོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

མའོ་ཞི་ཁོ་ནས་ལམ་དུ་ཆས་ཤིང་། མའོ་ཞི་ཁོ་དང་ཝུ་ར་ཀུའེ་རྒྱལ་ཁབ་གཉིས་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དྲུད་པའི་གྲུ་གཟིངས་ཤིག་ཚེས18ཉིན་གྱི་ཞོགས་པར་ཁུ་པཱའི་རྒྱལ་ས་ཧཱ་ཝ་ནཱ་རུ་འབྱོར།

ཁུ་པཱའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། རོགས་སྐྱོར་དངོས་རྫས་དེའི་ནང་འོ་ཕྱེ་དང་འབྲས། སྲན་མ་སོགས་ཟས་རིགས་དང་མི་སྒེར་གྱི་དག་གཙང་མཁོ་དངོས་སོགས་འདུས་ཡོད་ཟེར། ཁུ་པཱའི་ཙུང་ལི་གཞོན་པའམ་ཕྱི་ཕྱོགས་ཉོ་ཚོང་ཕྱི་དངུལ་པུའུ་ཀྲང་ཨོ་ལེ་ཝ་ཡིས་རོགས་སྐྱོར་དངོས་རྫས་དང་ལེན་བྱེད་པའི་མཛད་སྒོའི་སྟེང་བསྟན་དོན། ཨ་མེ་རི་ཁས་བསྟུད་མར་བཀག་སྡོམ་བྱས་པ་ལས་ཁུ་པཱའི་མི་དམངས་ཀྱི་ཉིན་རྒྱུན་འཚོ་བར་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་ཅིང་། ཁུ་པཱའི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་གནོད་པ་ཐེབས་ཡོད། མའོ་ཞི་ཁོ་དང་ཝུ་ར་ཀུའེ་ཡི་རོགས་སྐྱོར་ལས། དཀའ་སྡུག་ཆེ་བའི་དུས་སུ་ལཱ་ཏེན་མེ་གླིང་གི་མི་དམངས་བློ་བརྟན་འགྱུར་མེད་ངང་ཁུ་པཱའི་ཕྱོགས་སུ་ལངས་ཡོད་པ་མངོན་གསལ་རེད་ཟེར།

ཁུ་པཱའི་ཟས་རིགས་བཟོ་ལས་པུའུ་ཀྲང་ཏིས་ཡཱ་སི་ཡིས་བཤད་རྒྱུར། མིག་སྔར་ཁུ་པཱའི་དཔལ་འབྱོར་ཐད་དཀའ་ཁག་ཆེན་པོ་བྱུང་ཡོད་ཅིང་། ཨ་མེ་རི་ཁའི་སྲིད་གཞུང་གི་བཀག་སྡོམ་ལས་དཀའ་ཁག་དེ་ལྷག་ཏུ་ཇེ་ཆེར་བཏང་ཡོད་ཟེར། ཁོས་བཤད་རྒྱུར། ཁུ་པཱའི་སྲིད་གཞུང་གིས་འགན་ཁུར་བའི་རྣམ་འགྱུར་གྱིས་དངོས་རྫས་བགོ་བཤའ་བྱས་ཏེ། སྔོན་ལ་ཉམ་ཞན་མང་ཚོགས་ལ་འདོན་སྤྲོད་བྱེད་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།