
ལེ་པཱ་ནུན་གྱི་སྲིད་འཛིན་ཨོ་ཨིན་གྱིས་ཚེས18ཉིན་བསྟན་དོན། ཁོས་རང་ནུས་ཅི་ལྕོགས་ཀྱིས་རིན་དོད་ཆུང་བའི་ཐབས་ལམ་གང་རུང་བརྒྱུད་དེ་དབྱི་སི་རལ་གྱི་ལེ་པཱ་ནུན་དང་དེའི་མི་དམངས་ལ་དམིགས་པའི་འཐབ་འཁྲུག་ལ་བཀག་འགོག་བྱས་ཏེ། ལེ་པཱ་ནུན་རྒྱལ་ཁབ་དེ་སྔར་ལས་ཆེ་བའི་འཁྲུག་རྩོད་ཀྱི་ཀློང་དུ་ལྷུང་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར།
ལེ་པཱ་ནུན་གྱི་སྲིད་འཛིན་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨོ་ཨིན་གྱིས་སྲིད་འཛིན་བཞུགས་ཤག་པཱ་པུའུ་ཏཱ་ཕོ་བྲང་ནས་ལེ་པཱ་ནུན་གྱི་ཞིང་ལས་མཉམ་འབྲེལ་ཚོགས་པའི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད།
ཨོ་ཨིན་གྱིས་བཤད་རྒྱུར། ལེ་པཱ་ནུན་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ཐད་བཏོན་པའི་ཆ་རྐྱེན་ནང་དབྱི་སི་རལ་གྱིས་བཙན་བཟུང་བྱེད་པའི་ས་ཁོངས་ནས་ཕྱིར་འཐེན་བྱེད་པ་དང་། འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པ། ལེ་པཱ་ནུན་གྱི་དམག་དཔུང་མཐའ་མཚམས་ས་ཁུལ་དུ་བཀོད་སྒྲིག་བྱེད་པ། ཡུལ་ཁྱམས་བྱེད་པའི་ལེ་པཱ་ནུན་གྱི་མང་ཚོགས་ཕྱིར་རང་ཁྱིམ་དུ་ལོག་པ། དེ་མིན་ལེ་པཱ་ནུན་ལ་དཔལ་འབྱོར་དང་དངུལ་ལོར་རོགས་སྐྱོར་འདོན་སྤྲོད་བྱེད་པ་བཅས་འདུས་ཡོད་ཟེར། ཨོ་ཨིན་གྱིས་དེ་དང་མི་མཐུན་པའི་བཤད་ཚུལ་གང་ཡིན་ཡང་རྫུན་གཏམ་ཡིན་པ་ནན་བཤད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།