
ཨུ་རུ་སིའི་སྲིད་འཛིན་གྱི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས18ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོས་ཁྱིམ་མཚེས་བར་གྱི་འབྲེལ་བའི་མིག་དཔེ་ལྟ་བུར་གྱུར་ཡོད་ཟེར།
ཝུའུ་ཧྲ་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཅིང་། སྔར་མེད་ཀྱི་ཆུ་ཚད་དུ་བསླེབས་ཡོད་ཟེར། ཁོས་བཤད་རྒྱུར། ང་ཚོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རོགས་འདེགས་དང་རྒྱབ་སྐྱོར། མཛའ་བརྩེ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་འབྲེལ་འདྲིས་བྱེད་བཞིན་ཡོད་ཟེར།
ཝུའུ་ཧྲ་ཁི་ཧྥུའུ་ཡིས་བསྟན་དོན། མིག་སྔའི་གོ་ལ་ཧྲིལ་བོའི་གནས་བབ་འོག ཨུ་རུ་སི་དང་ཀྲུང་གོའི་བར་གྱི་འབྲེལ་བ་ཟབ་མོ་དེ་ལྷག་ཏུ་གལ་འགངས་ཆེ་ལ། རྒྱལ་སྤྱིའི་གནས་བབ་ཐད་གཏན་འཇགས་ཀྱི་ནུས་པ་ལྡན་པ་ཡིན། རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་གསེར་གྱོམ་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཀྱི་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་བཞིན་ཡོད་ཟེར།
ཝུའུ་ཧྲ་ཁི་ཧྥུའུ་ཡིས་ད་རུང་བསྟན་དོན། ཨུ་རུ་སི་དང་ཀྲུང་གོས་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་བ་དེ་རྒྱལ་ཁབ་གཞན་པ་གང་རུང་ལ་དམིགས་པ་མིན་ཞིང་། རྒྱལ་ཁབ་གཉིས་ཀྱིས་སྒེར་ཚུགས་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད། ང་ཚོས་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་དམིགས་ཡུལ་ནི་ཞི་བདེ་དང་ཡོངས་ཁྱབ་དར་རྒྱས་ཀྱི་ཆེད་དུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།