
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིནཚབ་པའི་གཞུང་སྒྲུབ་ཁང་གིས་ཚེས16ཉིན་བཤད་རྒྱུར། དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི་ཡིས་ལེ་པ་ནུན་དང་དབྱི་སི་རལ་བར་གྱི་དམག་འཁྲུག་མཚམས་འཇོག་ཡུན་ཉིན་ཞེ་ལྔ་བསྲིངས་པའི་རེ་བ་བཏོན་ཟེར།
གཞུང་སྒྲུབ་ཁང་དེའི་གསར་འགྱུར་རྩོམ་ཡིག་ཁྲོད་བསྟན་དོན། ཀུའུ་ཐི་ལའེ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དགྲ་ཕྱོགས་འགུལ་སྐྱོད་མཚམས་བཞག་ནས། ལེ་པ་ནུན་དང་དབྱི་སི་རལ་མཐའ་མཚམས་གཞོགས་གཉིས་མང་ཚོགས་ཀྱི་དཀའ་སྡུག་སེལ་ཆེད་ནུས་ཤུགས་ཡོད་རྒུས་བཏོན་པར་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས་ཟེར། ཀུའུ་ཐི་ལའེ་སི་ཡིས་ཕྱོགས་སོ་སོས་དམག་འཁྲུག་མཚམས་འཇོག་པར་བརྩི་སྲུང་བྱེད་དགོས་པར་མ་ཟད་སོ་སོའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་ལག་བསྟར་བྱེད་དགོས་པར་སྐུལ་འདེད་བཏང་། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང1710ཕྱོགས་ཡོངས་ནས་ལག་ཏུ་བསྟར་བར་སྐུལ་འདེད་གཏོང་བའི་ཕྱི་འབྲེལ་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ཨ་རིའི་འདུམ་འགྲིག་འོག དབྱི་སི་རལ་དང་ལེ་པ་ནུན་སོ་སོས་ཟླ4པའི་ཚེས14ཉིན་ནས་ཚེས23ཉིན་བར་ཝ་ཧྲིན་ཏོན་དུ་གཞུང་ཚབ་ཆེན་མོ་རིམ་པའི་གྲོས་མོལ་སྐོར་ཐེངས་གཉིས་བསྡུས། དབྱི་སི་རལ་དང་ལེ་པ་ནུན་གྱིས་ཟླ4པའི་ཚེས17ཉིན་ནས་བཟུང་ཉིན་བཅུའི་རིང་གནས་སྐབས་སུ་དམག་འཁྲུག་མཚམས་བཞག་པ་དང་། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཟླ4པའི་ཚེས23ཉིན་དམག་འཁྲུག་མཚམས་འཇོག་ཡུན་གཟའ་འཁོར་གསུམ་ལ་བསྲིངས་པ་ཁྱབ་བསྒྲགས་བྱས། ལེ་པ་ནུན་ཕྱོགས་ཀྱིས་ཟླ5པའི་ཚེས15ཉིན་བསྟན་དོན། ལེ་པ་ནུན་དང་། ཨ་རི། དབྱི་སི་རལ་ཕྱོགས་གསུམ་གྱིས་ཝ་ཧྲིན་ཏོན་དུ་སྐོར་ཐེངས་གསུམ་པའི་གྲོས་མོལ་བྱེད་སྐབས་ལེ་པ་ནུན་ཕྱོགས་ཀྱི་ཕྱི་འབྲེལ་ལ་ཕན་པ་ངེས་ཅན་ཐོབ་པ་དང་། ཕྱོགས་སོ་སོ་དམག་འཁྲུག་མཚམས་འཇོག་ཡུན་ད་རུང་ཉིན་ཞེ་ལྔ་བསྲིང་བར་འཐད་པ་བྱུང་ཡོད་ཟེར།
ལྷ་མོ་འཚོས་བསྒྱུར།