
དབྱི་ལིང་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་ཚེས21ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། དབྱི་ལིང་ཚེས22ཉིན་ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པའོ་ནས་སྤེལ་རྩིས་ཡོད་པའི་དབྱི་ལིང་དང་ཨ་མེ་རི་ཁའི་སྐོར་ཐེངས་གཉིས་པའི་གྲོས་མོལ་ལ་ཞུགས་པར་ཁས་ལེན་མ་བྱས་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་ཨ་མེ་རི་ཁ་ཕྱོགས་ཀྱིས་ཐེངས་མང་བོར་དམ་བཅའ་དང་འགལ་བའི་བྱ་སྤྱོད་སྤེལ་བས་རེད་ཟེར།
འབྲེལ་ཡོད་མི་སྣས་བཤད་རྒྱུར། དབྱི་ལིང་དང་ཨ་མེ་རི་ཁས་ཟླ་འདིའི་ཟླ་སྟོད་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ནས་ཉིན་འགའ་ལས་མ་འགོར་བར། ཨ་མེ་རི་ཁས་དམ་བཅའ་དང་འགལ་བའི་བྱ་སྤྱོད་སྤེལ་མགོ་བརྩམས། ཨ་མེ་རི་ཁས་དབྱི་སི་རལ་ལ་ལེ་པཱ་ནུན་གྱི་འཁྲུག་རྩོད་མཚམས་འཇོག་པའི་རེ་བ་མ་བཏོན་པས། དབྱི་ལིང་དང་ཨ་མེ་རི་ཁའི་གྲོས་མོལ་ལ་བཀག་རྒྱ་ཆེན་པོ་བཟོས་ཡོད་ཟེར།
བསྒྲགས་པ་ལྟར་ན། ཕཱ་ཁི་སི་ཐན་ཐོག་དང་པོར་བར་འདུམ་ལ་ཞུགས་པ་ནི་དབྱི་ལིང་གིས་བཏོན་པའི་གནད་དོན་བཅུའི་སྒྲོམ་གཞི་གཞིར་བཟུང་ནས་བར་འདུམ་བྱེད་པ་ཡིན། སྐོར་ཐེངས་དང་པོའི་དབྱི་སི་ལན་པའོ་ཡི་གྲོས་མོལ་སྐབས་སུ། ཨ་མེ་རི་ཁས་སྒྲོམ་གཞི་དེ་དང་འགལ་བའི་ཚད་བརྒལ་གྱི་རེ་བ་མང་བོ་བཏོན་པས་གྲོས་མོལ་དེར་གྲུབ་འབྲས་ཅི་ཡང་མེད་པར་གྱུར་བ་རེད་ཟེར།
བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་གནས་བབ་དབང་གིས་དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་འཁྲུག་རྩོད་མཚམས་འཇོག་པའི་རེ་བ་བཏོན་རྗེས། དབྱི་ལིང་གིས་འཁྲུག་རྩོད་མཚམས་འཇོག་པའི་སྒྲོམ་གཞིའི་ནང་ཧའོ་ཨར་མུའུ་ཙི་མཚོ་འགག་སྒོ་འབྱེད་བྱས་ཏེ་ཚོང་དོན་གྲུ་གཟིངས་དག་བགྲོད་དུ་འཇུག་རྒྱུ་ཁྱབ་བསྒྲགས་བྱས་ཀྱང་། ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་དབྱི་ལིང་གྲུ་ཁའི་མཚོ་ཐོག་འགྲུལ་བཞུད་ལ་བཀག་སྡོམ་བྱས། འདས་པའི་ཉིན་འགའི་ནང་། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལིང་མི་དམངས་ཀྱི་ཁེ་ཕན་ལ་གནོད་པའི་ཚད་བརྒལ་རེ་བ་བཏོན་པས། ཕྱོགས་གཉིས་ཀྱི་གྲོས་མོལ་ལ་ངོ་བོ་ལྡན་པའི་གྲུབ་འབྲས་ཅི་ཡང་ཐོབ་ཐུབ་མེད་ཟེར།
བསྒྲགས་པ་ལྟར་ན། མིག་སྔའི་གནས་ཚུལ་འོག དབྱི་ལིང་གྲོས་མོལ་ལ་ཞུགས་པ་ནི་དུས་ཚོད་ཆུད་ཟོས་སུ་གཏོང་བ་ཁོ་ན་ཙམ་ལས་མ་འདས། དབྱི་ལིང་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་བརྒྱུད་དེ་རང་གི་ཆོད་དོན་ཁྱབ་བསྒྲགས་བྱས་ཡོད། དབྱི་ལིང་མི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད། དབྱི་ལིང་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་དུ་སོང་ནས་གྲོས་མོལ་ལ་ཞུགས་མི་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།