
ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ཡིས་ཚེས22ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཨ་མེ་རི་ཁ་དང་དབྱི་ལིང་གིས་མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱེད་དགོས་པར་མ་ཟད། སྤེལ་རྩིས་ཡོད་པའི་སྐོར་ཐེངས་གཉིས་པའི་དབྱི་སི་ལན་པའོ་གྲོས་མོལ་སྐབས་སུ་ཞི་བདེའི་གྲོས་མཐུན་བཀོད་ནས་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་དགོས་ཟེར།
ཞཱ་པཱ་ཙི་ཡིས་བཤད་རྒྱུར། ཁོ་རང་ཉིད་དང་ཕཱ་ཁི་སི་ཐན་གྱི་སྐམ་དམག་གི་ཇུས་འདོན་དཔོན་མུའུ་ནེ་ཨར་གཉིས་ཀྱིས་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཕཱ་ཁི་སི་ཐན་གྱི་རེ་འདོད་དང་ལེན་བྱས་ཏེ། འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཇེ་རིང་དུ་བཏང་ནས། ཕྱི་འབྲེལ་ཐད་ཀྱི་བྱ་བ་མུ་མཐུད་དུ་སྤེལ་བར་སྟབས་བདེ་བཟོས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།
ཞཱ་པཱ་ཙི་ཡིས་བསྟན་དོན། ཕཱ་ཁི་སི་ཐན་གྱིས་མུ་མཐུད་དུ་གྲོས་མོལ་ལ་བརྟེན་ནས་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ཐི་ལིང་ཕུའུ་ཡིས་ཚེས21ཉིན་གྱི་ཕྱི་དྲོར་བཤད་རྒྱུར། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་རེ་བ་བཏོན་པ་ལྟར། ཁོས་ཨ་མེ་རི་ཁ་དང་དབྱི་ལིང་བར་གྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཇེ་རིང་དུ་བཏང་སྟེ། དབྱི་ལིང་གིས་རང་གི་ཇུས་གཞི་སྤྲད་ནས་འབྲེལ་ཡོད་ཀྱི་གྲོས་མོལ་ཡོངས་འགྲུབ་བྱེད་དུ་འཇུག་པར་འཐད་པ་བྱུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།