
སི་ཕན་གྱི་ཕྱི་འབྲེལ་བློན་ཆེན་ཨ་ཨར་ཝ་ལོས་སི་ཡིས་ཚེས21ཉིན་བསྟན་དོན། དབྱི་སི་རལ་གྱི་འགྲོ་མིའི་ཐོབ་ཐང་དང་འགལ་བའི་བྱ་སྤྱོད་ལ་དམིགས་ནས། སི་ཕན་དང་ཨིར་ལན། སི་ལོ་ཝུན་ནེ་ཡཱ་བཅས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ལ་འཕྲིན་ཡིག་བསྐུར་ཏེ། ཕྱོགས་ཡོངས་ནས་ཡོ་རོབ་གླིང་མནའ་འབྲེལ་དང་དབྱི་སི་རལ་བར་གྱི་འབྲེལ་གཏུགས་རྒྱལ་ཁབ་ཀྱི་གྲོས་མཐུན་མཚམས་འཇོག་པར་གྲོས་བསྡུར་བྱེད་དགོས་པའི་རེ་བ་བཏོན།
སི་ཕན་གྱི་སྨྱན་བྱད་མང་བོས་བསྒྲགས་པ་ལྟར་ན། ཨ་ཨར་ཝ་ལོས་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ལ་མ་ཞུགས་གོང་སྨྱན་བྱད་ལ་བསྟན་དོན། རྒྱལ་ཁབ་གསུམ་གྱིས་ཉིན་དེའི་གྲོས་ཚོགས་སྟེང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁཱ་ལཱ་སི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་ལ་གྲོས་གཞི་དེ་འདོན་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་སི་རལ་ལ་ལངས་ཕྱོགས་གསལ་བོ་སྟོན་དགོས། གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱིས་འགུལ་སྐྱོད་མ་སྤེལ་ན། སྤྱི་བའི་ཡིད་ཆེས་ཉམས་པའི་ཉེན་ཁར་འཕྲད་སྲིད་ཟེར།
ཨ་ཨར་ཝ་ལོས་སི་ཡིས་བཤད་རྒྱུར། 2025ལོའི་ཟླ9བའི་ཚུན་ལ། སི་ཕན་དང་ཨིར་ལན། སི་ལོ་ཝུན་ནེ་ཡཱ་བཅས་རྒྱལ་ཁབ་གསུམ་གྱིས་ནམ་རྒྱུན་འབྲེལ་ཡོད་ཀྱི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བཞིན་ཡོད། ཆེས་ཐོག་མའི་དམིགས་ཡུལ་ནི་ཅཱ་ཧྲའི་གནས་བབ་ཁོ་ནར་གཞིགས་པ་ཡིན་ཡང་། མིག་སྔའི་གནས་བབ་སྔར་ལས་ཛ་དྲག་ཆེ་བ་དང་། ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ལེ་པཱ་ནུན་ལ་ཤུགས་རྐྱེན་ཐེབས་ཡོད་ཟེར།
ཨ་ཨར་ཝ་ལོས་སི་ཡིས་ད་རུང་བསྟན་དོན། སི་ཕན་གྱིས་བྱེད་ཐབས་སྤྱད་ནས་དབྱི་སི་རལ་གྱིས་བཙན་བཟུང་བྱས་པའི་ས་ཁུལ་ནས་ཐོན་པའི་ཐོན་རྫས་ཀྱི་ཉོ་ཚོང་ལ་ཚད་བཀག་བྱས་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པས་ཀྱང་རིགས་མཐུན་གྱི་འགུལ་སྐྱོད་སྤེལ་དགོས་པའི་འབོད་སྐུལ་བཏང་ཡོད་ལ། ཡོ་རོབ་གླིང་མནའ་འབྲེལ་རིམ་པའི་ཆོད་དོན་ལ་སྒུག་དགོས་དོན་མེད་ཟེར།
ཡོ་རོབ་གླིང་མནའ་འབྲེལ་དང་དབྱི་སི་རལ་གྱིས2000ལོར་ཡོ་རོབ་གླིང་མནའ་འབྲེལ་དང་དབྱི་སི་རལ་གྱི་འབྲེལ་གཏུགས་རྒྱལ་ཁབ་ཀྱི་གྲོས་མཐུན་བཀོད་དེ། ཕྱོགས་གཉིས་ཀྱི་ཆབ་སྲིད་གྲོས་མོལ་དང་དཔལ་འབྱོར་མཉམ་ལས་ཐད་བཅའ་ཁྲིམས་དང་སྒྲིག་ལུགས་ཀྱི་སྒྲོམ་གཞི་འདོན་སྤྲོད་བྱས། ཡོ་རོབ་གླིང་མནའ་འབྲེལ་གྱི་སྒྲིག་སྲོལ་ལྟར་ན། ཕྱོགས་ཡོངས་ནས་གྲོས་མཐུན་མཚམས་འཇོག་པར་ཁོངས་གཏོགས་རྒྱལ་ཁབ་ཚང་མ་གཅིག་གྱུར་འཐད་པ་འབྱུང་དགོས། ཁཱ་ལཱ་སི་ཡིས་ཉེ་སྔོན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁོངས་གཏོགས་རྒྱལ་ཁབ་དག་གིས་དབྱི་སི་རལ་ལ་གནོན་ཤུགས་སྟེར་བར་འཐད་པ་ཡིན་ཡིན་ལ་དཔྱད་འཇོག་བྱེད་རྒྱུ་ཡིན་པ་དང་། ཐེངས་འདིའི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་སྟེང་འབྲེལ་ཡོད་ཇུས་གཞིར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།