
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཚེས21ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཁས་ལེན་ཐོབ་པའི་མིའི་རིགས་དང་རང་བྱུང་སྟེ། གོ་ལ་ཧྲིལ་བོ་དང་ས་གནས་ཀྱི་བྱས་རྗེས་ཞེས་པའི་སྙན་ཞུ་སྤེལ་ནས། ཁས་ལེན་ཐོབ་པའི་ས་ཁུལ་དེ་དག་ནི་གོ་ལ་ཧྲིལ་བོའི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པའི་འཐབ་ཇུས་ཐོན་རྫས་ཡིན་པས། ཁྱབ་ཁོངས་གཙོ་བོ་དེ་དག་གི་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།
ཉིན་དེར་སྤེལ་བའི་གསར་འགྱུར་མ་ཡིག་ལྟར་ན། སྙན་ཞུ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ས་ཁུལ་དང་འཛམ་གླིང་སྐྱེ་དངོས་ར་བའི་སྲུང་སྐྱོབ་ཁུལ། འཛམ་གླིང་ས་གཤིས་སྤྱི་ཚོགས་བཅས་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱེད་པའི་སྙན་ཞུ་ཐོག་མ་ཡིན་པ་དང་། དེ་ནི་ཁས་ལེན་ཐོབ་པའི་ས་ཁུལ2260ལྷག་གིས་གྲུབ་པའི་དྲ་རྒྱ་ལྟ་བུ་ཞིག་ཡིན་ལ། སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་བྱེ་བ་གཅིག་དང་ས་ཡ་གསུམ་ལྷག་ལ་ཁེབས་ཡོད་ཟེར།
སྙན་ཞུ་ལས་མངོན་པ་ལྟར་ན། 1970ལོའི་ཚུན་ལ། གོ་ལ་ཧྲིལ་བོའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་རིགས་སྣའི་ཁ་གྲངས་བརྒྱ་ཆའི་དོན་གསུམ་ཇེ་ཉུང་དུ་སོང་ཡང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཁས་ལེན་ཐོབ་པའི་ས་ཁུལ་གྱི་རིགས་སྣའི་ཁ་གྲངས་བལྟོས་བཅས་ཀྱིས་གཏན་འཇགས་བྱུང་ཡོད། ཡིན་ཡང་གོ་ལ་ཧྲིལ་བོའི་དོན་སྙིང་ལྡན་པའི་ཁས་ལེན་ཐོབ་པའི་ས་ཁུལ་དེ་དག་གིས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་གནོན་ཤུགས་ཁུར་ཡོད་ཅིང་། བརྒྱ་ཆའི་དགུ་བཅུའི་ཁས་ལེན་ཐོབ་པའི་ས་ཁུལ་དག་ཁོར་ཡུག་གི་གནད་དོན་ཛ་དྲག་ལ་འཕྲད་ཡོད་པར་མ་ཟད། ནམ་ཟླ་དང་འབྲེལ་བའི་གནོད་འཚེ་འདས་པའི་ལོ་བཅུའི་ནང་བརྒྱ་ཆའི་བཞི་བཅུ་ཇེ་མང་ལ་སོང་ཡོད། གལ་ཏེ་ནུས་ལྡན་འགུལ་སྐྱོད་མ་སྤེལ་ན། འཁྱག་རོམ་ཞུ་བ་དང་། བྱུ་རུའི་བྲག་རྡོ་རྡིབས་པ། སྐྱེ་དངོས་དང་སྲོག་ཆགས་ཀྱི་རིགས་གནས་གཞན་དུ་སྤོ་བ། ཆུའི་ཐོན་ཁུངས་ཀྱི་གནོན་ཤུགས་ཇེ་ཆེར་འགྲོ་བ། ནགས་ཚལ་སོགས་ཐཱན་གྱི་འབྱུང་ཡུལ་དུ་འགྱུར་བ་སོགས་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་སྲིད་ཟེར།
སྙན་ཞུ་ལས་བཤད་རྒྱུར། མྱུར་མོར་འགུལ་སྐྱོད་སྤེལ་ན་ཉེན་ཁ་ལྡབ་འགྱུར་གྱིས་ཇེ་དམའ་རུ་གཏོང་ཐུབ་ཟེར། ཐོག་མར་སྐྱེ་ཁམས་མ་ལག་སླར་གསོ་དང་རྒྱལ་ཁོངས་བརྒལ་བའི་མཉམ་ལས་ལ་ཤུགས་སྣོན། རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཁས་ལེན་ཐོབ་པའི་ས་ཁུལ་དག་གོ་ལ་ཧྲིལ་བོའི་ནམ་ཟླའི་འཆར་གཞིའི་ནང་འཇོག་པ་བཅས་ཕྱོགས་བཞིའི་འགུལ་སྐྱོད་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།