
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་དྲུང་ཡིག་ཁྲུའུ་ཡི་ལག་བསྟར་དྲུང་ཡིག་སི་ཏིས་ཨར་གྱིས་ཚེས21ཉིན་པིས་ཏི་སི་པེ་ཀིའི་ནམ་ཟླའི་གྲོས་མོལ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། མིག་སྔའི་གནས་བབ་འོག ནམ་ཟླའི་མཉམ་ལས་ནི་གོ་ལ་ཧྲིལ་བོ་ཇེ་ཆེར་འགྲོ་བ་དང་རྫས་འགྱུར་རྡོ་སྣུམ་འབར་རྫས་ཀྱི་མ་རྩའི་གནད་དོན་གྱི་ཉམས་ཉེན་འགོག་རྒོལ་བྱེད་པའི་གནད་འགག་ཡིན་ཟེར།
པིས་ཏི་སི་པེ་ཀིའི་ནམ་ཟླའི་གྲོས་མོལ་གྲོས་ཚོགས་ཉིན་དེར་པའོ་ལིན་ནས་ཚོགས་མགོ་བརྩམས། སི་ཏིས་ཨར་གྱིས་བཤད་རྒྱུར། ཉེ་སྔོན་གྱི་འཐབ་འཁྲུག་ལས་གོ་ལ་ཧྲིལ་བོའི་མ་འོངས་པའི་ཟླ་ངོ་འགའ་དང་ཡང་་ལོ་འགའི་ནང་རྫས་འགྱུར་རྡོ་སྣུམ་འབར་རྫས་ཀྱི་མ་རྩ་ཇེ་ཆེར་བཏང་སྟེ། རྒྱལ་ཁབ་སོ་སོ་དང་རྒྱ་ཆེའི་མང་ཚོགས་ལ་གནོད་པ་ཆེན་པོ་ཐེབས་སུ་བཅུག་ཡོད། རྫས་འགྱུར་རྡོ་སྣུམ་འབར་རྫས་ཀྱི་གནད་དོན་ལས་དངོས་གོང་ཇེ་མཐོར་འགྲོ་བ་དང་དཔལ་འབྱོར་འཕར་ཚད་ལ་བཀག་རྒྱ་ཐེབས་ཡོད་ལ། དངུལ་བུན་གྱི་ཁུར་བོ་ཇེ་ལྗིད་དུ་བཏང་ཡོད་པར་མ་ཟད། སྲིད་གཞུང་གི་སྲིད་ཇུས་ཀྱི་བར་སྟོང་ཇེ་ཆུང་དུ་བཏང་ཡོད་ཟེར།
ཁོས་བསྟན་དོན། དག་གཙང་ནུས་ཁུངས་ཀྱིས་ནུས་ཁུངས་བདེ་འཇགས་ལ་རོགས་རམ་ཐུབ་ཀྱང་། ནམ་ཟླའི་འགུལ་སྐྱོད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་དགོས་གལ་རང་བཞིན་ལྷག་ཏུ་ཇེ་གསལ་ལ་སོང་ཡོད་པ་དང་། བཀོལ་སྤྱོད་བྱས་ཆོག་པའི་ཡོ་བྱད་གང་རུང་བཀོལ་དགོས་ཟེར།
སི་ཏིས་ཨར་གྱིས་བཤད་རྒྱུར། ནམ་ཟླའི་གྲོས་མོལ་ནི་སྔར་བཞིན་གནད་འགག་གི་བྱེད་ཐབས་ཤིག་ཡིན་པར་མ་ཟད། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དམ་བཅའ་ཐོབ་ཡོད། དེའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་ཉེར་བརྒྱད་པའི་སྟེང་ལེ་པཱ་ནུན་གྱི་གྲོས་མཐུན་གྱི་གོ་ལ་ཧྲིལ་བོའི་ཐོག་མའི་རྩིས་བཤེར་ཡོངས་འགྲུབ་བྱས་པ་སོགས་འདུས་ཡོད། མིག་སྔའི་འཛམ་གླིང་ཡོངས་ཀྱིས་ངེས་པར་དུ་འགུལ་སྐྱོད་སྤེལ་ཏེ། གོ་ལ་ཧྲིལ་བོའི་རྩིས་བཤེར་ཐེངས་གཉིས་པ་སྤེལ་སྐབས། རྩིས་བཤེར་ཐོག་མའི་དམ་བཅའ་དེ་དག་དངོས་འབེབས་ཐུབ་པར་འགན་སྲུང་བྱེད་དགོས་ཟེར།
སི་ཏིས་ཨར་གྱིས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་མུ་མཐུད་དུ་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་དངུལ་གཏོང་ལ་སྐུལ་མ་བཏང་སྟེ། གློག་དྲའི་དེང་རབས་ཅན་དང་གྲོང་ཁྱེར་གྱི་རྒྱུན་མཐུད་འཕེལ་རྒྱས། ནམ་ཟླའི་བབ་བསྟུན་རང་བཞིན་ལྡན་པའི་འབྲུ་རིགས་ཀྱི་མཁོ་འདོན་མ་ལག་སོགས་དགོས་གལ་ཆེ་བའི་ཁྱབ་ཁོངས་གཙོ་བོར་འཛིན་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།