
དབྱི་ཐཱ་ལེའི་ཨན་ཧྲ་འཕྲིན་གཏོང་ཁང་གིས་ཚེས14ཉིན་བསྒྲགས་པ་ལྟར་ན། དབྱི་ཐཱ་ལེའི་ཙུང་ལི་མཱེ་ལོ་ནེ་ཡིས་ཉིན་དེར་བཤད་རྒྱུར། མིག་སྔའི་གནས་བབ་ལ་བསམ་བློ་བཏང་སྟེ། དབྱི་ཐཱ་ལེའི་སྲིད་གཞུང་གིས་དབྱི་སི་རལ་བར་གྱི་འགོག་སྲུང་གྲོས་མཐུན་མུ་ཐུད་དུ་འགོད་མཚམས་འཇོག་རྒྱུ་ཐག་བཅད་ཡོད་ཟེར།
བསྒྲགས་པ་ལྟར་ན། མཱེ་ལོ་ནེ་ཡིས་ཉིན་དེར་དབྱི་ཐཱ་ལེའི་བྱང་ངོས་ཀྱི་ཝེ་ལོ་ནཱ་གྲོང་ཁྱེར་དུ་བྱ་འགུལ་ལ་ཞུགས་སྐབས་སྨྱན་བྱད་ལ་གོང་གི་སྐད་ཆ་དེ་བཤད་པ་རེད། མཱེ་ལོ་ནེ་ཡིས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་འབད་པ་ཆེན་པོས་ཨ་མེ་རི་ཁ་དང་དབྱི་ལིང་བར་གྱི་ཞི་བའི་གྲོས་མོལ་ལ་སྐུལ་འདེད་བཏང་སྟེ། གནས་བབ་ཞི་འཇགས་སུ་གཏོང་དགོས་པར་མ་ཟད་ནུས་ཁུངས་སོགས་ཀྱི་མཁོ་འདོན་ལ་གལ་འགངས་ཧ་ཅང་ཆེ་བའི་ཧའོ་ཨར་མུའུ་ཙི་མཚོ་འགག་ཡང་བསྐྱར་སྒོ་འབྱེད་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།
བསྒྲགས་པ་ལྟར་ན། དབྱི་ཐཱ་ལེའི་རྒྱལ་སྲུང་པུའུ་ཀྲང་ཁི་ལོ་སེ་ཐའོ་ཡིས་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁཱ་ཚི་ལ་བརྡ་བཏང་སྟེ། དབྱི་ཐཱ་ལེ་དང་དབྱི་སི་རལ་བར་གྱི་འགོག་སྲུང་གྲོས་མཐུན་མཚམས་བཞག་པ་ཤེས་སུ་བཅུག་ཡོད།
བསྒྲགས་པ་ལྟར་ན། གྲོས་མཐུན་དེ་ནི2016ལོའི་ཟླ4བའི་ཚེས13ཉིན་ནུས་ལྡན་དུ་གྱུར་བ་ཡིན་ཞིང་། ལོ་ལྔའི་ནང་ཐེངས་རེ་འགོད་པ་ཡིན་ལ། ནང་དོན་ལ་དམག་དོན་སྒྲིག་ཆས་དང་ལག་རྩལ་ཞིབ་འཇུག་བརྗེ་རེས་སོགས་ཀྱི་རྒྱལ་སྲུང་མཉམ་ལས་འདུས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།