

འདི་ནི་ལཱ་ལི་ཅཱ་ནེ་ཡིས2024ལོའི་ཟླ11པའི་ཚེས15ཉིན་ལེ་པཱ་ནུན་གྱི་པེ་རུ་ཐི་ནས་གཏམ་བཤད་སྤེལ་བའི་རྒྱུ་ཆའི་འདྲ་པར་རེད།
དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཚེས18ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ལཱ་ལི་ཅཱ་ནེ་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས།
དབྱི་ལིང་གི་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ལཱ་ལི་ཅཱ་ནེ་ཚེས17ཉིན་གྱི་ཞོགས་པར་ཚེ་ལས་འདས་པ་དང་། ཁོའི་བུ་མའོ་ཨར་ཐཱ་ཀྲ་ལཱ་ལི་ཅཱ་ནེ་དང་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཁྲུའུ་ཡི་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པཱ་ཡཱ་ཐི། དེ་མིན་རྗེས་འདེད་མི་སྣ་སྐོར་ཞིག་མཉམ་དུ་ཚེ་ལས་འདས་པ་རེད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ལཱ་ལི་ཅཱ་ནེ་ཡིས་སྔོན་ཆད་དབྱི་ལིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འབད་འབུངས་བྱེད་པ་དང་། ཕྱི་ཕྱོགས་དགྲ་བོའི་སྟོབས་ཤུགས་ཀྱི་མདུན་ནས་དབྱི་ལིང་གིས་མཐུན་སྒྲིལ་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་མྱོང་ཟེར།
གསལ་སྒྲོག་ལས་ནན་གྱིས་བསྟན་དོན། དོན་རྐྱེན་དེ་ལས་དབྱི་ལིང་སྤྱི་ཚོགས་ཀྱིས་མུ་མཐུད་དུ་འགོག་རྒོལ་གྱི་ལམ་བུ་བསྙེག་པའི་ཆོད་སེམས་ཇེ་བརྟན་དུ་གཏོང་ཐུབ་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས17ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་སྔ་ཉིན་དགོང་མོར་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ཉེ་འདབས་སུ་བར་སྣང་འཇབ་རྒོལ་བྱས་ཏེ། ལཱ་ལི་ཅཱ་ནེ་ལྐོག་གསོད་བྱས་ཟེར།
གསལ་སྒྲོག་ལྟར་ན། ལཱ་ལི་ཅཱ་ནེ་ནི་ལོ་མང་བོར་དབྱི་ལིང་གི་འགོ་ཁྲིད་རིམ་པའི་ཆེས་ཐོབ་ཐང་ཅན་གྱི་ཁོངས་མི་ཞིག་ཡིན་པ་དང་། ཚེ་ལས་འདས་པའི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡི་གྲོགས་པོ་བཟང་བོ་ཡིན། ཧཱ་མཱེ་ནེ་དབྱེ་ཟླ2པའི་ཚེས28ཉིན་ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་རྗེས། ལཱ་ལི་ཅཱ་ནེ་ཡིས་དབྱི་སི་རལ་དང་ཨ་མེ་རི་ཁར་དམིགས་པའི་འཐབ་འཁྲུག་ལ་འགོ་ཁྲིད་བྱས། གསལ་སྒྲོག་ལས་བཤད་རྒྱུར། ལཱ་ལི་ཅཱ་ནེ་ནི་དབྱི་ལིང་གི་དོན་དངོས་ཀྱི་འགོ་ཁྲིད་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།