
ཟླ11པའི་ཚེས18ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཧྲེན་ཀྲིན་རྒྱལ་སྤྱིའི་སྤེལ་རེས་ལྟེ་གནས་སུ་གསོལ་སྟོན་བཤམས་ནས། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པར་ཞུགས་པའི་སྐུ་མགྲོན་དག་ལ་དགའ་བསུ་མཛད།
དྲི་ཞིམ་འཐུལ་བའི་མཚོ་ངོགས་སུ། གློག་འོད་ཆེམ་ཆེམ་དུ་འཕྲོ། རྒྱལ་སྤྱིའི་སྤེལ་རེས་ལྟེ་གནས་སུ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་དཔལ་འབྱོར་དངོས་གཞི་སོ་སོའི་རོལ་དབྱངས་དཀྲོལ།
ཁོངས་ཞུགས་དཔལ་འབྱོར་དངོས་གཞི་སོ་སོའི་འགོ་ཁྲིད་པ་དང་འཐུས་མི། བཟའ་ཟླ། ཚོགས་འདུར་ཞུགས་པའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་དག་སྔ་རྗེས་སུ་འབྱོར།
ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་མཛད་པ་དང་། ཁོ་ཚོ་དང་ལྷན་དུ་བརྩེ་བའི་ངང་ཕྱག་འཇུ་གནང་བ་མ་ཟད་དྲན་རྟེན་ལྷན་པར་བསྐྱོན།
སྙན་འཇེབས་ལྡན་པའི་མགྲོན་བསུའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་སྐུ་མགྲོན་དང་ལྷན་དུ་གསོལ་སྟོན་ཚོམས་ཆེན་དུ་ཕེབས།
ཞི་ཅིན་ཕིང་གིས་ཤིས་ཚིག་ཕུལ་ཏེ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ་སྐུ་མགྲོན་རྣམས་ཀྲུང་གོར་ཡོང་ནས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པར་ཞུགས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་སྟོང་གི་ཀྲུང་གོར་རྒྱུས་ལོན་བྱེད་ན་ཞི་ཨན་དུ་བསྐྱོད་དགོས་པ་དང་། ལོ་ངོ་ལྔ་བརྒྱའི་ཀྲུང་གོར་རྒྱུས་ལོན་བྱེད་ན་པེ་ཅིང་དུ་བསྐྱོད་དགོས། ལོ་ངོ་བརྒྱའི་ཀྲུང་གོར་རྒྱུས་ལོན་བྱེད་ན་ཧྲང་ཧའེ་ལ་བསྐྱོད་དགོས་ལ། ལོ་ངོ་ལྔ་བཅུའི་ཀྲུང་གོར་རྒྱུས་ལོན་བྱེད་ན་ཧྲེན་ཀྲིན་དུ་བསྐྱོད་དགོས། སྒོ་འབྱེད་ནི་ཧྲེན་ཀྲིན་གྱི་ལྷན་སྐྱེས་ཀྱི་གཞི་རྒྱུ་ཡིན་ལ། གསར་གཏོད་ནི་ཧྲེན་ཀྲིན་གྱི་གསོན་ཤུགས་གནས་ས་དང་། མཉམ་ལས་ནི་ཧྲེན་ཀྲིན་གྱི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། ཧྲེན་ཀྲིན་གྱི་གཏམ་རྒྱུད་ནི་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་བསྡུས་གཟུགས་ཡིན་ལ། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ཀྱི་དཔེ་མཚོན་ལེགས་ཤོས་ཀྱང་ཡིན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་པའི་ཚུན་ལ། སྒོ་འབྱེད་དང་གསར་གཏོད། མཉམ་ལས་བཅས་ནི་ཐོག་མཐའ་བར་གསུམ་དུ་མཚོན་རྟགས་གསལ་པོ་ཞིག་རེད། ཞི་ཡ་ཐུའུ་ཡི་ཐོག་མའི་ཕྱག་འཇུ་ནས་ཡན་ཆི་མཚེའུ་ཡི་ལོ་རྒྱུས་ཀྱི་ཚོགས་འདུ་གཟབ་རྒྱས་བར་དང་། མའོ་ཝུའུ་དམིགས་འབེན་གྱི་བརྗིད་ཉམས་ལྡན་པའི་དམ་བཅའ་ནས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པའི་བརྗིད་ཉམས་ལྡན་པའི་རེ་འདུན་བར། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་འཕར་རྩ་སྟངས་འཛིན་དང་། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྣེ་ཁྲིད་བྱས་ཏེ། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གསོན་ཤུགས་ཆེ་ཤོས་ལྡན་པའི་ས་ཁུལ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བར་རམ་འདེགས་བྱས། ཀྲུང་གོའི་ཕྱོགས་ཀྱིས་ད་ལོའི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་བའི་ཚུན་ལ། གྲོང་ཁྱེར16ཏུ་ཚོགས་འདུ་དང་བྱེད་སྒོ་ཐེངས300ལྷག་སྤེལ་ནས། “ཀྲུང་གོའི་ལོར”གྲུབ་འབྲས་གལ་ཆེན་སྔར་ལས་མང་པོ་ལེན་པར་བྱས་རྗེས་བཞག་ལ། ཚེས19ཉིན་གྱི་འགོ་ཁྲིད་པའི་ཚོགས་འདུའི་སྟེང་ཕྱོགས་སོ་སོ་དང་མཉམ་དུ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་དང་། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕེལ་རྒྱས་བྱ་གཞག་ཆེན་པོ་མཉམ་དུ་དོན་གཉེར་བྱ་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད།
གསོལ་སྟོན་གྱི་རྗེས་སུ། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་སྐུ་མགྲོན་རྣམས་དང་ལྷན་དུ་རིག་རྩལ་འཁྲབ་སྟོན་ལ་གཟིགས་ནས། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་ཡོན་ཕན་ཚུན་འོད་མདངས་འཕྲོ་བ་དང་། མཛེས་མཛེས་མཉམ་མཛེས་ཀྱི་མཛེས་སྡུག་ལྡན་པའི་ལྗོངས་རྣམ་ལ་གཟིགས་ཏེ། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པའི་གཉིས་ཕན་མཉམ་རྒྱལ་དང་ལག་གདང་མཉམ་སྦྲེལ་གྱི་འཆམ་མཐུན་རྣམ་པ་མྱོང་ཚོར་གནང་།
ཚའེ་ཆི་དང་། ཝང་དབྱི། ཧི་ལེ་ཧྥིན། ཧོང་ཁོན་མུན། ཝང་ཞའོ་ཧུང་སོགས་བྱེད་སྒོར་ཞུགས།