
ཟླ11པའི་ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲིན་རྒྱལ་སྤྱིའི་སྤེལ་རེས་ལྟེ་གནས་སུ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པར་འགོ་འཛིན་གནང་བ་མ་ཟད། ཁ་བྱང་ལ《ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱས་ཏེ། “ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ངོ་མཚར”ལེའུ་གསར་པ་མུ་མཐུད་འབྲི》ཞེས་པའི་གསུང་བཤད་གལ་ཆེན་གནང་)བ་སྤེལ།
ཟླ11པའི་ཧྲེན་ཀྲིན་དུ་བསིལ་རླུང་ལྡང་ཞིང་མེ་ཏོག་བཞད།
ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ངང་ཚོགས་ཞུགས་དཔལ་འབྱོར་དངོས་གཞི་ཁག་གི་འགོ་ཁྲིད་པ་དང་། འཐུས་མི། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་ལ་བསུ་མ་མཛད་དེ། ཁོ་ཚོ་དང་བརྩེ་བའི་ངང་ཕྱག་འཇུ་གནང་བ་མ་ཟད་ཐུན་མོང་གི་ལྷན་པར་བསྐྱོན་རྗེས་ཚོགས་འདུར་འགོ་འཛིན་གནང་།
ཁོང་གིས་བསྟན་དོན། ལོ30ལྷག་གི་སྔོན་དུ། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་བཙུགས་ཤིང་། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པ་བསྐྲུན་པར་བརྗིད་ཆེའི་ལོ་རྒྱུས་ཀྱི་ལམ་བུ་བཏོད། ལོ30ལྷག་གི་རིང་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་ཉིན་རེ་བཞིན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐོན་ནས་དཔལ་འབྱོར་མགྱོགས་མྱུར་ངང་གོང་འཕེལ་དུ་ཕྱིན་ཏེ། “ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ངོ་མཚར་བསྐྲུན། གོ་སྐབས་དང་འགྲན་སློང་གསར་པར་གདོང་གཏད་དེ། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་དེ་ངེས་པར་དུ་དུས་བབ་གསར་པར་འཚམ་པ་དང་། གོམ་སྟབས་གསར་པ་སྤོ་བ། རྣམ་པ་གསར་པ་གཏོད་པ་བཅས་བྱེད་དགོས་ཤིང་། ཕྱར་བ་གྲུ་འདེགས་དང་། སྒོ་འབྱེད་མཉམ་སྦྲེལ། གསར་འབྱེད་གསར་གཏོད། དཀྱེལ་ཡངས་འཕེལ་རྒྱས་བཅས་ཀྱི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།
གཅིག་ནས་ཕྱར་བ་གྲུ་འདེགས་རྒྱུན་འཁྱོངས་ཀྱིས་ཐུན་མོང་གི་ཁེ་ཕན་གྱི་སྒྲོག་ཐག་དམ་འཛིན་བྱས་ཏེ། ལག་གདང་སྦྲེལ་ནས་དཀའ་ངལ་དང་འགྲན་སློང་ལ་གདོང་གཏད་ནས། གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་ངང་སྐྱེད་སྲིང་བྱེད་དགོས། གཉིས་ནས་སྒོ་འབྱེད་མཉམ་སྦྲེལ་རྒྱུན་འཁྱོངས་ཀྱིས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས་ལ། སྒོ་འབྱེད་ལས་གཞན་ཕུད་མི་བྱེད་པ་དང་། མཉམ་འདྲེས་ལས་ཁ་ཕྲལ་མི་བྱེད་པའི་མཉམ་ལས་ཀྱི་རྣམ་པ་བཙུགས་ཏེ། རང་མོས་སྒོ་འབྱེད་ཀྱི་ཉོ་ཚོང་དང་དངུལ་འཇོག་དར་སྤེལ་བཏང་ནས། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་འཕར་སྣོན་ཡོང་བར་བར་སྟོང་སྔར་ལས་ཡངས་ཤིང་རྒྱ་ཆེ་བ་བསྐྲུན་དགོས། གསུམ་ནས་གསར་འབྱེད་གསར་གཏོད་རྒྱུན་འཁྱོངས་ཀྱིས་ཚན་རྩལ་སྤེལ་རེས་དང་མཉམ་ལས་ལ་བསྔགས་སྐུལ་བཏང་ནས། གསར་གཏོད་ཀྱི་གྲུབ་འབྲས་གཞན་འགྱུར་ཡོང་བར་སྐུལ་སྤེལ་གཏོང་དགོས་ལ། སྒོ་འབྱེད་དང་། འདྲ་མཉམ། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་མཉམ་ལས་ཁོར་ཡུག་བསྐྲུན་ནས་ལམ་སྲོལ་འདུ་ཤེས་གསར་གཏོད་དང་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་གྱི་གསོན་ཤུགས་དང་བག་ཤུགས་ཟམ་མི་ཆད་པར་འདོན་སྤེལ་བྱ་དགོས། བཞི་ནས་དཀྱེལ་ཡངས་འཕེལ་རྒྱས་རྒྱུན་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ཀུན་ཕན་མཉམ་སྤྱོད་བྱེད་དགོས་ལ། མང་ཚོགས་ཀྱི་ཐོབ་སྣང་མང་དུ་གཏོང་བ་དང་། ཕྱོགས་སོ་སོའི་འཚམ་བདེ་ལ་ལྟ་སྐྱོང་བྱས་ཏེ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པའི་དམིགས་འབེན་མངོན་འགྱུར་ཡོང་ཆེད་མཐུན་རྐྱེན་གསོག་འཇོག་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཀྱི་དར་སྤེལ་པ་དང་། སྐུལ་འདེད་པ། སྔོན་སྐྱོད་པ་བཅས་ཡིན། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་བློ་བསྡུ་དགེ་འཚོལ་དང་སྒྲིལ་ཤུགས་གཅིག་སྡུད་ཀྱིས་ལག་གདང་སྦྲེལ་ནས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པའི“གདུང་བཞི་ཀ་བརྒྱད”བསྐྲུན་འདོད།
གཅིག་ནས་དཔལ་འབྱོར་ཉོ་ཚོང་གི་འདེགས་སྐྱོར་ལེགས་སྒྱུར་བྱེད་དགོས། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་ནི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་ཀྱི་ཐུན་མོང་གི་རེ་འདུན་ཡིན་པས། གོམ་སྟབས་བརྟན་པོའི་ངང་མདུན་ཕྱོགས་སུ་སྐུལ་འདེད་བཏང་ནས་ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཀྱི་རྣམ་པ་བསྐྲུན་དགོས། ས་ཁོངས་དཔལ་འབྱོར་ཉོ་ཚོང་གི་གྲོས་ཆོད་སྦྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་སྟེ། ཉོ་ཚོང་དངུལ་འཇོག་སྟབས་བདེ་ཅན་དང་གྲངས་འཛིན་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས། ཉོ་ཚོང་དངུལ་འཇོག་གི་བཀག་རྒྱ་ཉུང་དུ་གཏོང་དགོས། སྲིད་ཇུས་ཀྱི་གླེང་མོལ་བྱེད་ཤུགས་ཆེ་རུ་བཏང་ནས། ཉམས་མྱོང་སྤེལ་རེས་དང་ལག་རྩལ་མཉམ་ལས་སྤེལ་ཏེ། ཕྱོགས་སོ་སོ་ཆུ་ཚད་མཐོ་བའི་དཔལ་འབྱོར་ཉོ་ཚོང་བཀོད་སྒྲིག་ནང་ཞུགས་པའི་ནུས་པ་ཆེ་རུ་གཏོང་དགོས།
གཉིས་ནས་སྦྲེལ་མཐུད་ཀྱི་འདེགས་སྐྱོར་རིམ་སྤོར་བྱེད་དགོས། མཉམ་སྦྲེལ་མཉམ་མཐུད་ནི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་སྒྲོག་ཐག་ལྟ་བུ་ཡིན། “འབྲེལ་མཐུད་མཁྲེགས་པོ”སྲ་བརྟན་དུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་འཐུས་ཚང་དུ་གཏོང་དགོས། “འབྲེལ་མཐུད་མཉེན་མོ”ཇེ་དམ་དུ་བཏང་ནས། སྲིད་ཇུས་དང་ལྟ་སྐུལ་དོ་དམ་མཐུན་སྦྱོར་ཡོང་བར་སྐུལ་སྤེལ་གཏོང་དགོས། “འབྲེལ་མཐུད་འགྲོ་འོང”ཇེ་ཟབ་ཏུ་བཏང་ནས། ཚོང་འགྲུལ་དང་མི་སྣའི་འགྲོ་འོང་ལ་སྟབས་བདེ་བསྐྲུན་ཏེ། མི་ཚུལ་རིག་གནས་སྤེལ་རེས་དང་མང་ཚོགས་ཕན་ཚུན་རྒྱུས་མངའ་དང་མཛའ་མཐུན་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས།
གསུམ་ནས་གསར་གཏོད་ཀྱི་འདེགས་སྐྱོར་བསྐྲུན་དགོས། གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས་ནི་གསར་གཏོད་འཕར་སྣོན་གྱི་སྒུལ་ཤུགས་ཡིན། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། ས་ཁོངས་ཀྱི་གཞི་གྲངས་བཅོས་སྐྱོང་དང་མཐུན་སྦྱོར་མཉམ་ལས་འཐུས་ཚང་དུ་བཏང་སྟེ་ལས་ཆོད་ཆེ་བ་དང་། སྟབས་བདེ། བདེ་འཇགས་བཅས་ཀྱི་རྒྱལ་ཁོངས་བརྒལ་བའི་གཞི་གྲངས་འཁོར་རྒྱུག་ཐུབ་པ་མངོན་་འགྱུར་བྱེད་དགོས། སྒོ་འབྱེད་གསར་གཏོད་ཀྱི་ཁོར་ཡུག་བསྐྲུན་ཏེ་མི་ཐབས་རིག་ནུས་རྒྱ་ཁྱབ་ངང་སྤྱོད་རྒྱུར་སྐུལ་སྤེལ་གཏོང་བ་དང་ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་དགོས།
བཞི་ནས་འཕེལ་རྒྱས་ཀྱི་འདེགས་སྐྱོར་ཇེ་བརྟན་དུ་གཏོང་དགོས། ནུས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ས་ཁོངས་ཀྱི་ནུས་ཁུངས་དང་འབྲུ་རིགས་བདེ་འཇགས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁོངས་བརྒལ་བའི་རུལ་སུངས་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་དགོས། ཐོན་ཁུངས་དང་། ཁོར་ཡུག མི་འབོར་བཅས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་མཉམ་ལས་རྒྱ་བསྐྱེད་དེ། དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་ཡོང་བ་མངོན་འགྱུར་བྱ་དགོས། དམངས་འཚོ་ལེགས་བསྒྱུར་དང་མི་དོན་དུ་མ་དངུལ་འཇོག་པར་རྒྱབ་སྐྱོར་བྱས་ནས། བདེ་ཐང་གི་རྒན་རྒོན་ཅན་གྱི་འགུལ་སྐྱོད་ལག་བསྟར་བྱ་དགོས་པ་དང་། ལས་ཞུགས་དང་ལས་རིགས་རྩལ་ནུས་གསར་སྤེལ་ལ་སྐུལ་སྤེལ་བཏང་ནས། བུད་མེད་ལ་དཔལ་འབྱོར་དབང་ཆ་སྤྲོད་པ་དང་ན་གཞོན་འཇོན་མིའི་བསམ་བློ་བརྗེ་རེས་ལ་རྒྱབ་སྐྱོར་བྱས་ཏེ། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཇོན་མིའི་གསོན་ཤུགས་རྒྱས་སུ་འཇུག་དགོས།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་ཆེས་གསར་པ་ཁྱབ་བསྒྲགས་གནང་པ་དང་། དེའི་ཁྲོད་ཨ་སྒོར་བྱེ་བ་གཉིས་བཏང་ནས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དངོས་སྒྲུབ་མཉམ་ལས་བྱེད་པ་དང་། ཧྲེན་ཀྲིན་དུ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པའི་ཞིབ་འཇུག་ལྟེ་གནས་བཙུགས་ནས། སྲིད་ཇུས་ཞིབ་འཇུག་དང་སྤེལ་རེས་བྱས་ཏེ། རིག་སྟོབས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་པ། གྲངས་འཛིན་ལག་རྩལ་དང་། གཞི་གྲངས་རྒྱལ་ཁོངས་ལས་བརྒལ་བའི་འཁོར་སྐྱོད། དག་གཙང་ནུས་ཁུངས། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་སྒྲིག་གཞི་བཙུགས་ཏེ། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གསར་གཏོད་དང་ལྗང་མདོག་འཕར་སྣོན་ལ་རམ་འདེགས་བྱེད་པ་སོགས་འདུས།
དཔལ་འབྱོར་དངོས་གཞི་ཁག་གི་འགོ་ཁྲིད་པ་དང་འཐུས་མིས་ཚོགས་འདུའི་བརྗོད་དོན་གཙོ་བོ་སྟེ“ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱས་ནས་ཐུན་མོང་དར་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས”ཞེས་པར་དམིགས་ནས་རིམ་པ་བཞིན་གཏམ་བཤད་སྤེལ། ཕྱོགས་སོ་སོསAPECཡི“ཀྲུང་གོའི་ལོར”ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་བསྒྲུབས་པའི་ལས་དོན་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་འགོ་གལ་ཆེན་ལ་གང་ནུས་ཀྱིས་བརྡ་ལན་བཏབ། ཕྱོགས་སོ་སོས་བསྟན་དོན། ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ལག་གདང་སྦྲེལ་ནས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ལ་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་སྐུལ་འདེད་བཏང་སྟེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་། བརྟན་བརླིང་། དར་རྒྱས་བཅས་ལ་བྱས་རྗེས་འཇོག་འདོད་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་འདོམས་པ་ཀི་ཨོ་ཨར་ཅི་ཡེ་ཝ་ཡིས་གདན་ཞུ་ལྟར་དེང་སྐབས་ཀྱི་གོ་ལ་ཧྲིལ་པོའི་དཔལ་འབྱོར་གནས་བབ་ངོ་སྤྲོད་བྱས།
ཞི་ཅིན་ཕིང་གིས་ཕྱོགས་སོ་སོའི་གཏམ་བཤད་ལ་གསན་རྗེས་ཕྱོགས་སྡོམ་གཏམ་བཤད་གནང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བཞེད་དགོངས་གསུམ་བཏོན་ཡོད་དེ། གཅིག་ནས་ཡིད་ཆེས་བརྟན་པོ་བཅངས་ནས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཐུན་མོང་གི་ངོས་འཛིན་དེ་འགུལ་སྐྱོད་དུ་འགྱུར་བར་འབད་བརྩོན་བྱས་ཏེ། རེ་འདུན་དེ་དངོས་ཡོད་དུ་འགྱུར་བར་བྱེད་དགོས། གཉིས་ནས་ཁ་ཕྱོགས་ལ་དམ་པོར་དམིགས་ཏེ། ཐོག་མཐའ་བར་གསུམ་དུ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་ཆེན་པོར་གཡོ་འགུལ་མི་གཏོང་བར། ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་པ་དང་། ལག་གདང་སྦྲེལ་ནས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་དངོས་སྒྲུབ་ནན་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་སྤྱིའི་བགོ་གྲངས་ཆེ་ཤོས་འདི་དམ་འཛིན་བྱས་ནས། ཆོས་ཉིད་ལ་བརྩི་འཇོག་དང་། དངོས་སྒྲུབ་དོན་གཉེར། སྒྲུབ་མཁས་ལེགས་གྲུབ་བཅས་བྱས་ཏེ། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་པར་བྱེད་དགོས།
ཚོགས་འདུའི་མཇུག་མཐར་མགྲོན་བདག་རྒྱལ་ཁབ་སྤྲོད་ལེན་བྱས་པ་དང་། 2027ལོའི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་གྱིས་དཔལ་འབྱོར་དངོས་གཞི་ཁག་གི་འགོ་ཁྲིད་པ་དང་འཐུས་མི་རྣམས་སང་ལོར་ཡོ་ནན་དུ་ཚོགས་འདུར་ཕེབས་རྒྱུར་དགའ་བསུ་ཞུས།
ཚོགས་འདུ་ལས2026ལོའི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་བསྒྲགས་གཏམ་ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་སྟེ། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར“ཧྲེན་ཀྲིན་གྱི་རྒྱང་ལྟ”ཞེས་པ་བཏོན་པ་དང་། དེ་བཞིན་ཉོ་ཚོང་དང་། སྦྲེལ་མཐུད། གསར་གཏོད་བཅས་ཁྱབ་ཁོངས་ཀྱི་གྲུབ་འབྲས་ཡིག་ཆ3བཏོན།
ཚའེ་ཆི་དང་། ཝང་དབྱི་ཚོགས་འདུར་ཞུགས།