
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་རྒན་པའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་རྒན་པའི་ལས་དོན་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པ་དང་། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བྱུང་སྟེ། རྒྱ་ཆེའི་རྒན་པའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་ནས་ཆེ་རུ་ཕྱིན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཐབ་ལམ་གསར་པ་རུ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཧུར་ཐག་སྒོས་གདོང་གཏོད་པར་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྲིད་གཞུང་དང་ཁྲོམ་ར། སྤྱི་ཚོགས། ཁྱིམ་ཚང་བཅས་ཀྱིས་མཉམ་དུ་ནུས་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒན་པའི་སྤྱི་ཚོགས་འགན་སྲུང་དང་རྒན་གསོའི་ཞབས་ཞུ། བདེ་ཐང་ཞབས་ཞུ། སྤྱི་ཚོགས་ཟབ་ཞུགས་བཅས་ལ་སྔར་བས་ཤུགས་སྣོན་དགོས་པ་དང་། མགོ་དཀར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྒན་པར་སྲི་ཞུ་དང་རྒན་པར་བཀུར་བསྟི་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་པ་དང་རྒན་པའི་མཛའ་མཐུན་སྤྱི་ཚོགས་བསྐྲུན་པ་བཅས་བྱས་ཏེ། རྒན་པའི་འཚོ་བ་སྔར་བས་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་བར་བྱེད་དགོས།
རྒྱལ་ཡོངས་ཀྱི་རྒན་པའི་ལས་དོན་ཚོགས་འདུ་ཚེས18ཉིན་ནས་ཚེས19ཉིན་བར་པེ་ཅིང་དུ་ཚོགས། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།
ལི་ཆང་གིས་གསུང་བཤད་ནང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་རང་རྒྱལ་གྱི་རྒན་པའི་ལས་དོན་ལ་ཐོབ་པའི་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ལ། འཐབ་ལམ་གསར་པ་རུ་མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཧུར་ཐག་གིས་ལག་བསྟར་བྱ་རྒྱུའི་ཁ་ཕྱོགས་དང་ཐབས་ལམ། གཙོ་གནད་ལས་འགན་བཅས་གསལ་བཤད་གཏིང་ཟབ་གནང་ཡོད་པས། ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས།
ལི་ཆང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒན་པའི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ། མི་འབོར་རྒན་རྒོན་ཅན་དུ་འགྱུར་བ་ལས་བྱུང་བའི་ཤུགས་རྐྱེན་ལ་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་པ་བཅས་བྱས་ཏེ། རང་རྒྱལ་གྱིས་མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་གདོང་གཏོད་པའི་དམིགས་བསལ་གྱི་དགེ་མཚན་ལ་ངོས་འཛིན་གང་ལེགས་བྱས་ནས། རྒན་པའི་ལས་དོན་ལེགས་པོར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་རང་འགུལ་རང་བཞིན་རང་རྟོགས་ཀྱིས་ཇེ་ལེགས་སུ་གཏོང་དགོས། མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་འཕེལ་ཕྱོགས་དང་བསྟུན་ནས། རིམ་པ་དང་རིགས་དབྱེ་ནས་རྒན་པའི་ལས་དོན་ཡག་པོར་བསྒྲུབ་དགོས་ལ། རྒན་པའི་ཚོགས་སྤྱིའི་ན་ཚོད་དང་བདེ་ཐང་གནས་ཚུལ་གྱི་ཧེ་བག་ཁོང་དུ་ཆུད་པར་བྱས་ཏེ། རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་ལས་དོན་ཡོད་པ་གཅིག་གྱུར་འཆར་འགོད་བྱེད་པར་དོ་སྣང་བྱེད་དགོས། རྒན་པའི་ཚོགས་སྤྱིའི་དཔལ་འབྱོར་ཆ་རྐྱེན་གྱི་ཧེ་བག་ལ་སྟངས་འཛིན་བྱས་ཏེ། ཞབས་ཞུ་འགན་སྲུང་གི་སྐས་རིམ་མཁོ་འདོན་ལ་མཐོང་ཆེན་བྱེད་དགོས། རྒན་པའི་ཚོགས་སྤྱིའི་རྒན་གསོ་བྱེད་སྟངས་ཀྱི་ཧེ་བག་ལ་སྟངས་འཛིན་བྱས་ཏེ། ཁྱིམ་སྡོད་སྡེ་ཁུལ་ལས་ཁུངས་ཀྱི་ཞབས་ཞུའི་འབྲེལ་མཐུད་མཐུན་སྦྱོར་ལ་མཐོང་ཆེན་བྱེད་དགོས། རྒན་པའི་ཚོགས་སྤྱིའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་ཁྱབ་ཚུལ་གྱི་ཧེ་བག་ལ་སྟངས་འཛིན་བྱས་ཏེ། སྲིད་ཇུས་ཀྱི་དོ་སྙོམས་རང་བཞིན་དང་གནད་འཁེལ་རང་བཞིན་ལ་མཐོང་ཆེན་བྱེད་དགོས།
ལི་ཆང་གིས་བསྟན་དོན། རྒན་པའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དམིགས་འབེན་དུ་འཛིན་པ་དང་རྒན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུར་དམིགས་ཏེ། རྒན་པའི་ལས་དོན་གྱི་གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རྒན་པའི་གཞི་རྩའི་འཚོ་བའི་དགོས་མཁོར་དམིགས་ནས། རྒན་གསོ་འགན་སྲུང་དང་ཞབས་ཞུའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས། རྒན་པའི་ལུས་སེམས་བདེ་ཐང་གི་དགོས་མཁོར་དམིགས་ནས། བདེ་ཐང་ལ་སྐུལ་སྤེལ་དང་བསམ་པའི་རིག་གནས་ཀྱི་ཞབས་ཞུར་ཟམ་མི་ཆད་པར་ཤུགས་སྣོན་དགོས། རྒན་པའི་རིན་ཐང་མངོན་འགྱུར་གྱི་དགོས་མཁོར་དམིགས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ནང་ཞུགས་པའི་བར་སྟོང་ཧུར་ཐག་སྒོས་ཆེ་རུ་གཏོང་དགོས། རྒན་པའི་སྤུས་ཚད་ཅན་གྱི་འཛད་སྤྱོད་དགོས་མཁོར་དམིགས་ནས་མགོ་དཀར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རྩ་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་སོ་སོའི་སྒྲིལ་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། སེམས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ནས་རྒན་པའི་ལས་དོན་ལ་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས།
རྒྱལ་སྲིད་ཨུ་ཡོན། རྒྱལ་ཡོངས་རྒན་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲིན་དབྱི་ཆིན་གྱིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒན་པའི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཙུང་ལི་ལི་ཆང་གི་གསུང་བཤད་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དམིགས་འབེན་ལས་འགན་གཏན་འཁེལ་དང་རྒན་པའི་བྲེལ་དཀའ་ཁྲལ་སྒུག་བཞིའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ལ། རྒན་པའི་ཉིན་རེར་ཆེ་རུ་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ནས། འཐབ་ལམ་གསར་པའི་རྒན་པའི་བྱ་གཞག་སྤུས་ལེགས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
དམངས་སྲིད་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། པེ་ཅིང་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན། སི་ཁྲོན་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་བཅས་ཀྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།
ཝུའུ་ཀྲིན་ལུང་ཚོགས་འདུར་ཞུགས།
རྒྱལ་ཡོངས་རྒན་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ། འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་སྟོང་སྡེ་ཆེན་མོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པའི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས།