
གསར་འགོད་པས་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་རང་རྒྱལ་གྱིས་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་མགྱོགས་མྱུར་སྒོས་འཛུགས་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་བཀོད་པ་ལེགས་སྒྲིག་བྱས་ནས་བདེ་འཇགས་ཀྱི་མཉེན་ཆ་ཆེ་རུ་གཏོང་རྒྱུ་རེད།
འགྲིམ་འགྲུལ་ཁྱབ་ཁོངས་ནས་བལྟས་ན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། ལྕགས་ལམ་སྤྱི་ལེ་ཁྲི་གཅིག་སྟོང་ལྔ་ཙམ་གསར་སྐྲུན་བྱས་ནས་ལྕགས་ལམ་དེང་རབས་ཅན་གྱི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་རྒྱུ་དང་། དེང་རབས་ཅན་གྱི་གཞུང་ལམ་འགྲིམ་འགྲུལ་མ་ལག་གཞི་རྩའི་ཆ་ནས་འཛུགས་ཐུབ་པ་བྱ་རྒྱུ། 2030ལོར་སླེབས་སྐབས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་གཙོ་བོ་བསྐྲུན་ཚད95%ལ་སླེབས་པར་བརྩོན་ལེན་བྱ་རྒྱུ་རེད།
ཚོང་ཟོག་གལ་ཆེན་གྱི་རྐང་འཛིན་འཁོར་རྒྱུག་དྲ་བ་བསྐྲུན་དགོས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་ད་དུང་རྒྱལ་ཁབ་རིམ་པའི་ཚོང་ཟོག་གལ་ཆེན་གྱི་རྐང་འཛིན་འཁོར་རྒྱུག་བར་ཁྱམས6འཛུགས་སྐྲུན་བྱ་རྒྱུ་རེད།
ཆུ་བེད་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་ཆུ་དྲའི་འཕར་རྩ་ཆེན་པོ་གང་མྱུར་འཐུས་ཚང་དུ་བཏང་སྟེ། ལྷོ་ཆུ་བྱང་འདྲེན་ལས་ཤར་ལམ་གྱི་དུས་ཐེངས་གཉིས་པའི་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་འགོག་སྲུང་། ཆུའི་ཐོན་ཁུངས་གཅིག་གྱུར་གྱིས་བཀོད་གཏོང་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་སྲུང་བཅས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་རེད།
ནུས་ཁུངས་ཁྱབ་ཁོངས་སུ་གསར་དར་ནུས་ཁུངས་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ཏེ། རང་མཁོའི་འགན་སྲུང་དང་བདེ་འཇགས་གསོག་འཇོག་བྱེད་ནུས་ཤུགས་དྲག་ཏུ་གཏོང་བ་དང་། ཐཱན་འབུད་གཏོང་དང་འགྱུར་རྡོའི་ནུས་ཁུངས་འཛད་སྤྱོད་འབོར་གྲངས་ཡང་རྩེར་སླེབས་པར་སྐུལ་འདེད་གཏོང་རྒྱུ་རེད།