ས་གནས་ཁག་གི་སྟོན་བསྡུ་དང་སྟོན་འདེབས་ཀྱི་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ད་ལྟའི་ཆར། ས་གནས་སོ་སོས་སྟོན་དུས་ཀྱི་ཞིང་ལས་ཐོན་སྐྱེད་ཇེ་མགྱོགས་སུ་བཏང་སྟེ། སྟོན་བསྡུ་བ་དང་དགུན་གྲོ་འདེབས་འཛུགས་ཀྱི་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ།

ལྷོ་ཕྱོགས་ཀྱི་ཆུ་འབྲས་ད་ལྟ་རིམ་བཞིན་བརྔ་བསྡུ་བྱེད་བཞིན་ཡོད། ཅང་སུའུ་རུ། ཆུ་འབྲས་མུའུ་བྱེ་བ་གསུམ་དང་ས་ཡ་གསུམ་རིམ་བཞིན་སྨིན་ནས། ས་གནས་དེ་གའི་ཞིང་ལས་སྡེ་ཁག་གིས་ཁྲབ་ཐག་ཅན་གྱི་མཉམ་འབྲེལ་རྔ་སྡུད་འཕྲུལ་ཆས་ཁྲི་བརྒྱད་སྟོང་གཅིག་དང་། འབྲུ་རིགས་སྐེམ་ཆས་ཁྲི་གསུམ་སྟོང་བཞི་བཀོད་སྒྲིག་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྟོན་བསྡུ་དང་འབུ་རིགས་སྐེམ་པའི་ལས་ཀ་སྒྲུབ་ནས། ཆུ་འབྲས་འཕྲུལ་ཆས་ཀྱི་བརྔ་བསྡུ་བྱེད་ཚད་བརྒྱ་ཆའི99ཡན་དུ་བརྟན་བརླིང་ཡོང་བར་ཁག་ཐེག་བྱས། ད་ལྟ་ཅང་སུའུ་ཞིང་ཆེན་ཡོངས་ཀྱི་ཆུ་འབྲས་བརྔ་བསྡུ་བྱེད་པའི་མྱུར་ཚད་གསུམ་ཆའི་གཅིག་ལ་ཉེ་ལ། ཀྲེ་ཅང་གི་གཅིག་བསྡུས་ཕྱི་སྨིན་འབྲས་མུའུ་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་དྲུག་ལྷག་བརྔ་བསྡུ་བྱས་ཟིན་པ་དང་། སྤྱིའི་མྱུར་ཚད་སུམ་ཆའི་གཅིག་ལ་སླེབས་ཡོད། ས་གནས་དེ་གའི་ཞིང་ལས་ཞབས་ཞུ་སྡེ་ཁག་གིས་ཞིང་པ་རྣམས་དང་སྔོན་ནས་འབྲེལ་གཏུག་བྱས་ཏེ་བརྔ་བསྡུ་དང་སྐྱེལ་འདྲེན་གྱི་དུས་ཚོད་གཏན་འཁེལ་བྱས་ལ། ཆུ་འབྲས་བརྔ་བསྡུ་དང་། སྐེམ་པ། མཛོད་ཉར་བཅས་ཀྱི་ལས་རིམ་གོ་རིམ་ལྡན་པའི་ངང་སྤེལ་ཏེ། འབྲུ་རིགས་བདེ་འཇགས་ཀྱིས་མཛོད་དུ་ཉར་བར་ཁག་ཐེག་བྱས།

ཧེ་ལུང་ཅང་ཞིང་ཆེན་གྱི་འབྲུ་རིགས་བརྔ་བསྡུ་བྱེད་ཚད་བརྒྱ་ཆའི་དགུ་བཅུ་ལས་བརྒལ་བ་དང་། ས་གནས་དེ་གས་གནམ་གཤིས་བཟང་བོའི་དུས་སྐབས་དམ་འཛིན་བྱས་ཏེ་སྟོན་བསྡུ་བྱས། ཀྲའོ་ཡོན་རྫོང་ཧའོ་ཏི་སོག་རིགས་ཞང་གིས། ས་ཞིང་མུའུ་ཁྲི་བཞིར་ཉེ་བ་བརྔ་བསྡུ་བྱས་པ་དང་། ས་གནས་དེ་གས་ཞིང་ལས་འཕྲུལ་ཆས་ཆེ་གྲས་ཉི་ཤུ་ལྷག་བཀོད་སྒྲིག་བྱས་ཏེ་ཉིན་མཚན་མེད་པར་ལས་ཀ་སྒྲུབ་པས། ཉིན་རེར་ལས་ཕྱོད་ཆེ་བའི་ངང་ལོ་ཏོག་མུའུ་སྟོང་ལྔ་ལ་ཉེ་བ་ཙམ་བརྔ་བསྡུ་བྱེད་ཐུབ།

འབྲུ་རིགས་མཛོད་ཁང་དུ་བཅུག་པ་དང་མཉམ་དུ། ས་ནག“སླར་གསོའི་དུས་སྐབས”སུ་སླེབས་པ་ཡིན། ཧེ་ལུང་ཅང་གི་ས་གནས་སོ་སོས་སྟོབས་ཤུགས་ཆེ་བའི་ཞིང་ལས་ཡོ་བྱད་བེད་སྤྱོད་བྱས་ཏེ་སྟོན་ས་ལེགས་བཅོས་བྱེད་བཞིན་ཡོད་ལ། རྩྭ་སྙིགས་གཙང་སེལ་དང་ས་ཞིང་རྟིང་རྨོད། ས་སྙོམས་པ་དང་ཡུར་བ་བཟོ་བ། རྩྭ་སྙིགས་དོར་ཏེ་ཞིང་ས་གསོ་བ་སོགས་ལ་བརྟེན་ནས། ས་གཞིའི་ཆུ་འཛིན་དང་བཅུད་འཛིན་གྱི་ནུས་པ་མཐོར་འདེགས་གཏོང་བཞིན་ཡོད།

ས་གནས་ཁག་གི་སྟོན་འདེབས་ལས་དོན་ཡང་རིམ་གྱིས་སྤེལ་བཞིན་ཡོད། ད་ལྟ་ཧོ་པེ་ཞིང་ཆེན་གྱི་ཞིང་ས་མུའུ་བྱེ་བ་གསུམ་དང་ས་ཡ་གསུམ་ལྷག་ལ་དགུན་གྲོ་བཏབ་ཟིན་པ་དང་། སོན་འདེབས་འཆར་གཞིའི་བརྒྱ་ཆའི་གོ་བརྒྱད་ཟིན། ཝུའུ་དབྱི་རྫོང་དུ། བྱང་སྐར་ཕྱོགས་སྟོན་འཁོར་གཏོང་རམ་འདེགས་མ་ལག་ནང་འཇུག་བྱས་ཡོད་པའི་སྟོབས་ཆེ་བའི་འདྲུད་འཐེན་འཕྲུལ་འཁོར་གྱིས་ཐོང་གཤོལ་དྲུད་དེ་ས་ཞིང་གཏིང་རྨོད་བྱེད་བཞིན་ཡོད་ལ། ལུད་འཇོག་པ་དང་འཁོར་རྨོད་བྱེད་པ་སོགས་ཀྱི་བྱ་བ་རིམ་བཞིན་སྒྲུབ་རྗེས། ཡང་བསྐྱར་རྨོད་འདེབས་གཅིག་ལྕོག་ཞིབ་ཚགས་ཅན་གྱི་འཕྲུལ་ཆས་བཀོལ་ནས་ས་བོན་འདེབས་བཞིན་ཡོད།

ཧོ་པེ་ཞིང་ཆེན་ཧེང་ཧྲུའེ་གྲོང་ཁྱེར་ཝུའུ་དབྱི་རྫོང་གི་ཞིང་བདག་ཧོའུ་ཀྲི་ཡུན་གྱིས་བཤད་རྒྱུར། ས་ཞིང་སྔར་བས་ལྷོད་པོར་ཆགས་འདུག་པས། ང་ཚོའི་གྲོ་ཡི་རྩ་བ་ཟབ་མོར་འཛུགས་ཐུབ། ལོ་རྗེས་མར་ཐན་འགོག་ནུས་པ་དང་འགྱེལ་འགོག་ནུས་པའང་མཐོར་འདེགས་ཆེན་པོ་འབྱུང་ངེས། དེ་དང་མཉམ་དུ། གྲོ་འདེབས་སྐབས་ཀྱི་བར་ཐག་དང་གཏིང་ཚད་ཧ་ཅང་ཆ་སྙོམས་ཡིན་པས། ང་ཚོ་ལོ་རྗེས་མའི་ལོ་ཏོག་གི་ཐོན་ཚད་ལ་ཡིད་ཆེས་བརྟན་པོ་ཡོད་ཟེར།