ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ལ་མཇལ་འཕྲད་གནང་། 
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ས་དེའི་ཟླ8ཚེས31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པི་སི་ཁེ་ཁི་རུ2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་སྐབས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་མཇལ་འཕྲད་གནང་། 

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཟླ5པར། སྲིད་འཛིན་ཕུའུ་ཅིང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཞིང་། ང་ཚོས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་བའི་ཟུར་ཚད་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྣེ་ཁྲིད་དེ་སྤུས་ཚད་སྔར་བས་མཐོ་བ་དང་ཆུ་ཚད་སྔར་བས་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་འགྲོ་བར་བཀོད་སྒྲིག་བྱས་ནས། གནས་བབས་གསར་པའི་འོག་ཀྲུང་ཨུའི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་བྱུང་། རྒྱལ་ཁབ་གཉིས་ཀྱི་གཙོ་སྐྱོང་སྡེ་ཁག་གིས་ཧུར་ཐག་སྒོས་དོན་འཁྱོལ་བྱས་ནས་གྲུབ་འབྲས་མང་པོ་བླངས་པ་དང་ཕྱོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་ཀྱིས་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་བཞིན་ཡོད། ང་ཚོའི་འཐབ་ཇུས་ཀྱི་སྣེ་ཁྲིད་དང་ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ཀྲུང་ཨུའི་འབྲེལ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་པ་དང་། གོམ་སྟབས་སྔར་བས་བརྟན་པ། མདུན་ལམ་སྔར་བས་འོད་ཟེར་ལྡན་པ་བཅས་ཡོང་རྒྱུའི་ཡིད་ཆེས་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་ལ། རྒྱལ་སྤྱིའི་གནས་བབ་ཁྲོད་སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་མངོན་གསལ་གྱིས་མང་དུ་ཕྱིན་མོད། འོན་ཀྱང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་བརྩོན་སྙེག་བྱེད་པར་འགྱུར་བ་བྱུང་མེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་དང་ཁུལ་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་གལ་ཆེན་འཁུར་ཡོད། ཀྲུང་གོས་ཨུ་རུ་སུ་འདུས་པའི་ཕྱོགས་སོ་སོ་དང་མཉམ་དུ། འཕེལ་རྒྱས་ཀྱི་ཇུས་ཆེན་མཉམ་གྲོས་དང་། རྩ་འཛུགས་བརྟན་པོའི་ངང་རྒྱང་རིང་དུ་བསྐྱོད་པར་རོགས་རམ་བྱས་ཏེ། འཛམ་གླིང་བཅོས་སྐྱོང་དང་བཅོས་སྒྱུར་ལ་སྣེ་ཁྲིད། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེ་རུ་གཏོང་འདོད་ཡོད།

ཕུའུ་ཅིང་གིས་བསྟན་དོན། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབས་ཀྱི་མདུན་དུ། ཨུ་རུ་སུ་དང་ཀྲུང་གོ་གཉིས་ཀྱིས་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ། འདྲ་མཉམ་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ལ།     ཁྱབ་ཁོངས་སོ་སོའི་མཉམ་ལས་གང་མགྱོགས་སྒོས་འཕེལ་རྒྱས་བྱུང་ནས། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་དེ་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་དུ་གྱུར། ཨུ་རུ་སུས་ཀྲུང་གོ་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། ཉོ་ཚོང་དང་ནུས་ཁུངས། བཟོ་ལས། འགྲིམ་འགྲུལ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དང་། མི་ཆོས་བརྗེ་རེས་ཟབ་མོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ཆེན་པོ་ལྡན་ཞིང་ལས་ཆོད་ཆེ་བའི་ཁུལ་ཁོངས་མཉམ་ལས་ཀྱི་ལས་སྟེགས་ཤིག་ཏུ་གྱུར་པས། ཨུ་ཀྲུང་གིས་རྩ་འཛུགས་ནང་ཁུལ་གྱི་མཐུན་སྒྲིལ་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས། སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་འོས། ཨུ་རུ་སུས་ཀྲུང་གོ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་གསེར་ལྡན་རྐྱེན་སྲོལ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་རྐྱེན་སྲོལ་ནང་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་དང་། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཡག་པོ་འཚོག་པར་རྒྱབ་སྐྱོར་བྱས་ནས། ཐུན་མོང་ཐོག་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་།    དར་རྒྱས་བཅས་སྲུང་སྐྱོང་བྱེད་འདོད་ཡོད།    

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་། 

ཚའེ་ཆི་དང་ཝང་དབྱི་མཇལ་ཕྲད་ལ་ཞུགས།