ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྟོག་ཞིབ་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།

ཉེ་ཆར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཧི་པེ་ཞིང་ཆེན་དང་ཀྲེ་ཅང་ཞིང་ཆེན་དུ་སོང་ནས། སྐུད་མེད་གློག་གི་དོ་དམ་ཁྲིམས་འཛུགས་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཆེད་དོན་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་སྔ་རྗེས་སུ་ཧྲི་ཅ་ཀྲོང་གྲོང་ཁྱེར་དང་ཧིན་ཧྲུའེ་གྲོང་ཁྱེར། ཅིན་ཧྭ་གྲོང་ཁྱེར། ཝུན་ཀྲོའུ་གྲོང་ཁྱེར་སོགས་སུ་སོང་ནས། ཧི་པེ་ཅིན་ཧི་གློག་རྡུལ་ལག་རྩལ་མ་རྐང་ཚད་ཡོད་ཀུང་སི་དང་། ཀྲེ་ཅང་རོང་ཧི་རྨང་གཞིའི་ནུས་གསོག་ནུས་ཁུངས་ཚད་ཡོད་ཀུང་སི་སོགས་འབྲེལ་ཡོད་ཁེ་ལས་དང་ལས་གཞིར་ཡུལ་དངོས་ནས་རྟོག་ཞིབ་བྱས་ཤིང་། ཡུལ་དངོས་ནས་ལྟ་སྦྱོང་དང་བགྲོ་གླེང་སྤེལ་རེས་བྱས་པ་བརྒྱུད། ཞིང་ཆེན་གཉིས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྐུལ་སྤེལ་དང་སྐུད་མེད་གློག་དོ་དམ་ཐད་ཀྱི་སྔོན་ཐོན་སྒྲུབ་སྟངས་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་སློབ་སྦྱོང་ནན་ཏན་བྱས་པ་མ་ཟད། ས་གནས་ཀྱི་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ལས་ཀའི་ཉམས་མྱོང་དང་སྒྲུབ་སྟངས་སྐོར་ནས་བཞུགས་མོལ་སྤེལ་རེས་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཧི་པེ་ཞིང་ཆེན་དམངས་ཆེན་གྱིས་ས་གནས་ཁྲིམས་འཛུགས་ཁྲོད་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འབྲེལ་མཐུད་ཡོང་བར་བྱེད་པ། གནད་དོན་དངོས་དང་འཚམ་པར་བྱེད་པ། ཞིང་ཆེན་རང་གི་ཁྲིམས་སྲོལ་དང་མཐུན་སྦྱོར་ཡོང་བར་བྱེད་པ། ཐོན་ལས་མ་ལག་དང་མཉམ་འདྲེས་ཡོང་བར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཡོད། ཀྲེ་ཅང་ཞིང་ཆེན་དམངས་ཆེན་གྱིས་ཁྲིམས་འཛུགས་ནུས་སྩོལ་དང་ཁྲིམས་ལྟར་ལྟ་སྐུལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚོང་གཉེར་ཁོར་ཡུག་གི་འགག་གནད་དང་དཀའ་གནད་ལ་དམིགས་ནས། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་སྲོལ་རབ་དང་རིམ་པ་བཏོན་ནས། ཁྲིམས་སྐྱོང་ལ་བརྟེན་ནས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་འགན་སྲུང་བྱས་ཡོད། ཞིང་ཆེན་གཉིས་ཀྱི་དམངས་ཆེན་གྱི་ཕུན་སུམ་ཚོགས་པའི་ལག་ལེན་དང་ལས་ཀའི་ཉམས་མྱོང་གིས་མཚོ་སྔོན་དམངས་ཆེན་གྱིས་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་ལས་དོན་སྤེལ་བར་དཔེ་མཚོན་དང་དཔྱད་གཞི་ཧ་ཅང་ཡག་པོ་འདོན་སྤྲོད་བྱས་ཡོད། རྟོག་ཞིབ་ཚན་ཆུང་གིས་ནན་བཤད་བྱས་དོན། ཧི་པེ་དང་ཀྲེ་ཅང་ནས་སྦྱངས་པའི་སྔོན་ཐོན་ཉམས་མྱོང་མཚོ་སྔོན་དུ་ཁྱེར་ཡོང་ནས་ནན་ཏན་གྱིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། རང་རེའི་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་སྲོལ་ཡིག་འཆར་ཟིན་དང་། སྐུད་མེད་གློག་གི་དོ་དམ་སྲོལ་ཡིག་འཆར་ཟིན་གྱི་ཁྲིམས་འཛུགས་གྲོས་ཞིབ་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་སྟེ། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།