
དམག་དཔུང་འཛུགས་སྐྱོང་གི་ལོ་བརྒྱའི་འབད་འཐབ་དམིགས་འབེན་ལ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་དམག་དཔུང་གི་སྣེ་ཁྲིད་དེ་དམག་དཔུང་སྟོབས་ལྡན་དང་དར་རྒྱས་ཀྱི་ལེའུ་གསར་པ་བརྩམས།
ཞིན་ཧྭ་གསར་འགྱུར་ཁང་གིས་ཟླ7པའི་ཚེས30ཉིན《དམག་དཔུང་འཛུགས་སྐྱོང་གི་ལོ་བརྒྱའི་འབད་འཐབ་དམིགས་འབེན་ལ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད། ——བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་དམག་དཔུང་གི་སྣེ་ཁྲིད་དེ་དམག་དཔུང་སྟོབས་ལྡན་དང་དར་རྒྱས་ཀྱི་ལེའུ་གསར་པ་བརྩམས》ཞེས་པའི་རྒྱས་འཕྲིན་བཏང་།
རྩོམ་ཡིག་ལས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམིགས་ཏེ། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་པ་དང་། དམག་དཔུང་སྟོབས་ལྡན་གཏོང་བའི་རླབས་ཆེན་བྱ་གཞག་དང་། དམག་དཔུང་སྟོབས་ལྡན་གཏོང་བའི་འཐབ་ལམ་དུ་སྣེ་ཁྲིད་དེ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཁྲིད་སྟོན་བྱས་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་བཀོད་ཡོད།
རྩོམ་ཡིག་ལས་བསྟན་དོན། སྦྱོང་སྒྲིག་སྦྱོང་བརྡར་བྱས་པ་བརྒྱུད། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་སྔར་བས་སྲ་ཞིང་བརྟན་པ་དང་། ཕུགས་འདུན་དད་སེམས་དང་། ཐོག་མའི་བསམ་འདུན་རང་བཞིན། སྲོལ་རྒྱུན་སྤྱོད་ཚུལ་བཅས་ཕྱིར་ལོག་པ་དང་། དམག་དཔུང་གི་དམག་སེམས་དང་ངར་ཤུགས། བསམ་པའི་རྣམ་པ། ཆབ་སྲིད་ཁོར་ཡུག་བཅས་ལ་འགྱུར་ལྡོག་གལ་ཆེན་དང་གཏིང་ཟབ་བྱུང་སྟེ། དམག་ཡོངས་ཀྱི་དཔོན་དམག་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་དད་སེམས་ཧ་ཅང་བརྟན་པས། ཏང་གི་དར་ཆའི་འོག་དམག་དཔུང་སྟོབས་ལྡན་གཏོང་རྒྱུར་འབད་འཐབ་བྱེད་པའི་བློ་སྟོབས་དང་སྟོབས་ཤུགས་གཅིག་ཏུ་བསྡུས།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་གཏོང་བའི་ཏང་གི་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་འབད་འབུངས་མདུན་སྐྱོད་བྱས་ཏེ། དམག་དཔུང་སྟོབས་ལྡན་གཏོང་བ་དང་དམག་དཔུང་དར་རྒྱས་ཀྱི་ལེའུ་གསར་པ་བརྩམས། མི་དམངས་དམག་དཔུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཆེ་རུ་གཏོང་བ། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པར་བསྒྲུབ་པ་བཅས་བྱས་ཏེ། དམག་ཨུའི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བྱེད་པ་དང་། འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ།གསར་བརྗེའི་སྙིང་སྟོབས་འཕེལ་བ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་གོང་བུར་འགྲིལ་བ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འགག་སྒྲོལ་བྱ་བ་ལེགས་པར་བསྒྲུབས། མི་དམངས་དམག་དཔུང་འདི་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཞིག་ཏུ་མགྱོགས་མྱུར་སྒོས་བསྐྲུན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས།