
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླ7པའི་ཚེས29ཉིན་གྱི་ཕྱི་དྲོར་པེ་ཅིང་དུ་སི་ལོ་ཝ་ཁེའི་སྲིད་འཛིན་ཕེ་ལེ་ཀི་ལི་ཉི་ལ་མཇལ་འཕྲད་གནང་།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བརྒྱད་ཉིན་སྐུ་ཞབས་སྲིད་འཛིན་དང་གྲོས་མོལ་གནང་སྟེ། ཀྲུང་སིའི་འབྲེལ་བའི་མ་འོངས་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝ་ཁེ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་གཞི་རྩར་བཟུང་སྟེ། འཐབ་ཇུས་ཡིད་ཆེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་འཛུགས་དང་། དཔལ་འབྱོར་ཉོ་ཚོང་། མི་ཐབས་རིག་ནུས། ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དམངས་སེམས་གཅིག་མཐུན་ལ་ཡར་སྐུལ་བཅས་བྱས་ཏེ། ཀྲུང་སིའི་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་ལག་གདང་མཉམ་སྦྲེལ་སྒོས་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་སི་ལོ་ཝ་ཁེའི་རྒྱལ་དམངས་གྲོས་ཁང་བར་གྱི་མཛའ་མཐུན་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་བྱ་བའི་ཉམས་མྱོང་བརྗེ་རེས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།
ཕེ་ལེ་ཀི་ལི་ཉི་ཡིས་བསྟན་དོན། སི་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་བདག་དབང་འདྲ་མཉམ། རྒྱུན་མཐུད་གྲོས་མོལ་བཅས་རྒྱུན་འཁྱོངས་བྱས་ཏེ། སི་ཀྲུང་འབྲེལ་བ་ཡུན་རིང་བཟང་ཕྱོགས་སུ་འཕེལ་བར་རྨང་གཞི་བརྟན་པོ་བཏིངས། སི་ལོ་ཝ་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྲིམས་འཛུགས་སྒྲིག་གཞིའི་འགྲོ་འོང་ལ་ཤུགས་སྣོན་དང་ཕན་ཚུན་བསམ་ཤེས། ཕན་ཚུན་ཡིད་རྟོན་ཇེ་ཟབ་ཏུ་བཏང་སྟེ། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད།
ལི་ཧུང་ཀྲུང་མཇལ་འཕྲད་ལ་ཞུགས།