
ཟླ7པའི་ཚེས27ཉིན་ནས་ཚེས28ཉིན་བར།རྒྱལ་ཡོངས་ཕྱིར་སྡོད་རང་མིའི་བྱ་བའི་ཚོགས་འདུ་པེ་ཅིང་དུ་འཚོགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱིར་སྡོད་རང་མིའི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས། ཚོགས་ཞུགས་འཐུས་མི་དང་ཕྱིར་སྡོད་རང་མིའི་ལས་དོན་སྒྲུབ་མཁན་སོགས་ལས་རིགས་ཁག་གི་མི་སྣར་སྐུལ་མ་ཆེན་པོ་ཐེབས་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཞིབ་མོ་ལེན་པ་དང་། ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། སེམས་ཤུགས་གཅིག་སྒྲིལ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོས་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཐད་བྱས་རྗེས་གསར་པ་འཇོག་ངེས་ཡིན་ཞེས་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཕྱིར་སྡོད་རང་མིའི་ལས་དོན་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་དོན་འཁྱོལ་དང་། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མི། ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ལ་མཐུན་སྒྲིལ་དང་སྐུལ་སློང་བྱས་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ། ཀྲུང་ཕྱིའི་སྤེལ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཕྱིར་སྡོད་རང་མིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་རྒྱ་ཆེའི་ཕྱིར་སྡོད་རང་མིའི་ལས་དོན་སྒྲུབ་མཁན་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།
ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་མཐུན་འབྲེལ་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ལེང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་དུས་རབས་གསར་པའི་ཕྱིར་སྡོད་རང་མིའི་ལས་དོན་ཡག་པོར་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་། ང་ཚོས་ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པ། སྲིད་འབྲས་ལྟ་བ་ཡང་དག་ལག་བསྟར་བྱེད་པའི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་པའི་ཐད་གོམ་པ་སྔར་ལས་བརྟན་པོ་སྤོ་དགོས།
ཧྥུའུ་ཅན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ།ཧྥུའུ་ཅན་ཞིང་ཆེན་ཕྱིར་སྡོད་རང་མིའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཞའོ་ཧྭ་ཞིན་གྱིས་བཤད་རྒྱུར།ང་ཚོས་ཕྱིར་སྡོད་རང་མིའི་ལས་དོན་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་གཙོ་གནད་དམ་འཛིན་ཡང་དག་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཡིད་ལ་བརྟན་པོར་བཅངས་ནས་སྔར་ལས་རང་རྟོགས་སྒོས་ཕྱིར་སྡོད་རང་མིའི་ལས་དོན་ལེགས་པོར་བསྒྲུབ་དགོས། ང་ཚོས་ཕྱིར་སྡོད་རང་མིའི་སེམས་པ་གཅིག་ཏུ་སྒྲིལ་བར་ཁྲིད་སྟོན་བྱས་ཏེ་ཕྱིར་སྡོད་རང་མིས་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་དགོས། ཕྱིར་སྡོད་རང་མིར་ཞབས་འདེགས་ཞུ་བའི་བྱེད་ཐབས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་ཕྱིར་སྡོད་སྤུན་ཟླའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམིགས་ནས། ཕྱིར་སྡོད་རང་མིའི་སེམས་ཤུགས་སྔར་ལས་གཅིག་ཏུ་བསྒྲིལ་ཏེ་ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མི། ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱིས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་རྒྱལ་ཁབ་ལ་བརྩེ་བ་ཟབ་མོ་བཅངས་པར་ཁྲིད་སྟོན་བྱེད་དགོས་ལ། ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་དང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པ། མེས་རྒྱལ་གོང་བུ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་ཧུར་ཐག་གིས་ཞབས་འདེགས་ཞུ་བ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོས་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱིས་དུས་རབས་གསར་པའི་འཐབ་ལམ་གསར་པའི་ནང་ཕྱིར་སྡོད་རང་མིའི་ལས་དོན་ཡག་པོ་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བསྟན།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཕྱིར་སྡོད་རང་མིའི་ལས་དོན་ཕྱོགས་བསྡུས་ཅུས་ཀྱི་ཅུས་ཀྲང་ཡན་མེའོ་ཡིས་བཤད་རྒྱུར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་མི་སེམས་ལ་སྐུལ་ལྕག་ཐེབས། འཐབ་ལམ་གསར་པའི་ཐོག་ང་ཚོས་ཡིད་ཆེས་བརྟན་པོ་དང་འབད་འབུངས་ཡར་བརྩོན་བྱེད་རྒྱུ་ཡིན་ལ། ཕྱིར་སྡོད་རང་མི་དང་འབྲེལ་བ་ཡོད་པའི་སྲིད་ཇུས་དང་ཁྲིམས་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། ཕྱིར་སྡོད་རང་མིར་ཞབས་འདེགས་སྔར་ལས་བཟང་བོ་ཞུ་བ། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མི། ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱིས་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་པ། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་སྐུལ་སྤེལ་གཏོང་བ་སོགས་ཀྱི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་པར་ཁྲིད་སྟོན་དང་སྐུལ་མ་གཏོང་ངེས་ཟེར།
ཀོང་ཏུང་ཞིང་ཆེན་ཧྲན་ཐོའུ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ།འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚའེ་ཡུང་མིང་གིས་བཤད་རྒྱུར།ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅིས་ཧྲན་ཐོའུ་རུ་གཟིགས་ཞིབ་གནང་སྐབས་ཧྲན་ཐོའུ་དཔལ་འབྱོར་དམིགས་བསལ་ཁུལ་གྱིས་དོན་དངོས་གསར་པར་གཞིགས་ནས“ཕྱིར་སྡོད་རང་མི”ལ་རྩོམ་ཡིག་ཡག་པོ་འབྲི་དགོས་པའི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་དགོས་པ་དང་། བསམ་བློའི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་རྒྱ་ཆེ་རུ་གཏོང་དགོས་ལ། ཚད་གཞི་མཐོ་བའི་སྒོ་ནས་ཕྱིར་སྡོད་རང་མིའི་དཔལ་འབྱོར་རིག་གནས་མཉམ་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ་དང་། ཕྱིར་སྡོད་རང་མིའི་འཕྲིན་ཡིག་དང་། དར་སྲོལ་ཆེ་བའི་ཟློས་གར་སོགས་ཕྱི་རྒྱལ་དུ་སྤེལ་བའི་འཆར་གཞིར་སྐུལ་འདེད་གཏོང་དགོས་ལ། ཧྲན་ཐོའུ་གྲོང་ཁྱེར་འདི་ཉིད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་པའི་ཕྱིར་སྡོད་རང་མིའི་ཕ་ཡུལ་ལྟ་བུར་འགྱུར་བར་བྱེད་དགོས།