ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ནུའོ་ཝས་མུ་མཐུད་དུ་ཧྲེང་ཏོ་མེ་དང་ཕུའུ་ལིན་ཞི་པི་ཡི་སྲིད་འཛིན་གྱི་འགན་བཞེས་པར་རྟེན་འབྲེལ་ཞུས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

​ཟླ7པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁཱ་ལུའོ་སི་ནུའོ་ཝ་ལ་གློག་འཕྲིན་བཏང་ནས། ཁོས་མུ་མཐུད་དུ་ཧྲེང་ཏོ་མེ་དང་ཕུའུ་ལིན་ཞི་པི་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་འགན་བཞེས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ཀྲུང་གོ་དང་ཧྲེང་ཏོ་མེ་དང་ཕུའུ་ལིན་ཞི་པི་བར་གྱི་འབྲེལ་བའི་འཕེལ་ཕྱོགས་བཟང་ལ། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་སའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་ཐོབ། ངས་ཀྲུང་གོ་དང་ཧྲེང་ཏོ་མེ་དང་ཕུའུ་ལིན་ཞི་པི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་ཀྱི་ཡོད་ལ། སྲིད་འཛིན་ནུའོ་ཝ་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཧྥེ་གླིང་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་རྒྱུ་གོ་སྐབས་སུ་བཟུང་སྟེ། ཀྲུང་གོ་དང་ཧྲེང་ཏོ་མེ་དང་ཕུའུ་ལིན་ཞི་པི་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད།