
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ7པའི་ཚེས10ཉིན་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
གྲོས་ཚོགས་ལས་སྔར་ལས་ལྷག་པའི་སྒོ་ནས་ཞོད་འགོག་རྒུད་སྐྱོབ་བྱ་བར་བཀོད་སྒྲིག་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། ངེས་པ་དོན་གྱིས་ཆབ་སྲིད་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས་པ་མ་ཟད། ཞོད་འགོག་རྒུད་སྐྱོད་བྱ་བ་ཐོག་མཐའ་བར་གསུམ་དུ་དམ་འཛིན་ལེགས་པོ་བྱ་དགོས་པ་དང་། ཚད་མཐའི་བསམ་བློ་དང་མཐར་ཐུག་གི་བསམ་གཞིགས་ཇེ་བརྟན་དུ་བཏང་སྟེ། བག་མེད་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་མཐའ་གཅིག་ཏུ་སེལ་དགོས་པ་མ་ཟད། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། གཅིག་ཤེས་ཀུན་གྲོལ། འགོག་ཟོན་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཇུས་ཤུགས་མཉམ་འདོན་གྱིས་ཞོད་འགོག་རྒུད་སྐྱོབ་ཀྱི་དམག་འཐབ་དྲག་པོ་ལས་རྣམ་པར་རྒྱལ་དགོས། བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་སྲུང་ནས། ཉེན་ཁ་དང་མངོན་མེད་རྐྱེན་ངན་ལེབ་བཤེར་བྱ་དགོས་པ་དང་། ཆུ་རགས་ཀྱི་འགོག་སྲུང་ནུས་པ་ཞན་པ་དང་ཆུ་གནས་ལས་བརྒལ་བ་སོགས་ཀྱི་སྐོར་ཞིབ་འགོག་སྲུང་ཇེ་དྲག་ཏུ་གཏོང་དགོས་པ་མ་ཟད། ཉེན་ཁ་ཆེ་བའི་ཆུ་མཛོད་དང་ཆུ་མཛོད་འབྲིང་ཆུང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་བེད་བཟོ་གྲྭ་གལ་ཆེན་བཀོད་གཏོང་བྱས་ཏེ། གཙང་པོ་དང་ཆུ་བོ་ཆེན་པོ། མཚེའུ་ཆེན་པོ་བཅས་ཀྱི་ཞོད་འགོག་བདེ་འཇགས་འགན་ལེན་བྱ་དགོས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་གནད་འཁེལ་བྱེད་ཚད་སྔར་ལས་མཐོ་རུ་བཏང་སྟེ། དུས་ཐོག་ཏུ་ཉེན་བརྡ་དང་ལེན་བྱ་དགོས་པ་དང་། ལྷག་པར་དུ་ཉེན་ཁ་ཆེ་བའི་ས་ཁོངས་དང་གཙོ་གནད་ས་གནས། ཉམས་ཞན་མི་ཚོགས་བཅས་ལ་དམ་པོར་དམིགས་ཏེ། ཉེན་ཁའི་གནས་ཚུལ་དང་འཕྲད་ཚེ་མྱུར་དུ་མི་སྣ་རྩ་འཛུགས་སྒོས་གནས་སྤོར་བྱས་ཏེ། མི་སྣའི་ཤི་རྨས་ཇེ་ཉུང་དུ་གཏོང་གང་ཐུབ་བྱ་དགོས། མཉམ་ལས་ལ་ཤུགས་བསྣན་ཏེ་སྒྲིལ་ཤུགས་ཆགས་པར་བྱ་དགོས་པ་དང་། རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་སྤྱི་འདོམས་མཐུན་སྦྱོར་དང་བཀོད་འདོམས་བཀོད་གཏོང་ལ་ཤུགས་སྣོན་དགོས། འབྲེལ་ཡོད་སྡེ་ཁག་གིས་རང་འགུལ་ངང་ཉེ་སར་བཅར་དགོས་པ་མ་ཟད་གཞོགས་འདེགས་དམ་ཟབ་བྱེད་དགོས་པ་དང་། རིམ་པ་སོ་སོའི་སྲིད་གཞུང་གིས་འཕྲལ་བསྟུན་ལས་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྟོབས་ཤུགས་དང་སྒྲིག་ཆས། དངོས་ཟོག་བཅས་གྲ་སྒྲིག་ལེགས་པོ་བྱས་ནས། མགྱོགས་མྱུར་ནུས་ལྡན་སྒོས་ཉེན་སེལ་རོགས་སྐྱོབ་དང་འཚོ་བའི་རོགས་སྐྱོབ་སོགས་ཀྱི་བྱ་བ་བསྒྲུབ་སྟེ། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས།
གྲོས་ཚོགས་ལས་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གནས་ཚུལ་གྱི་སྙན་ཞུར་ཉན། གྲོས་ཚོགས་ལས་བསྟན་དོན། གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པ་དང་། རབས་གསར་པའི་འཕྲིན་གཏོང་དྲ་བ་དང་རྩིས་ཤུགས་དྲ་བ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ཁྱོན་ཡོངས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་སྩོལ་དགོས། མདུན་གྲལ་གྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་བསྣན་ཏེ། བདེ་འཇགས་ཀྱི་ཉེན་ཁ་གསར་པར་དཔྱད་དཔོག་དང་སྔོན་འགོག་ཚོད་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས།
གྲོས་ཚོགས་ལས་དེང་རབས་འཁོར་རྒྱུག་མ་ལག་འཛུགས་སྐྲུན་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུར་ཉན། གྲོས་ཚོགས་ལས་བསྟན་དོན། འཁོར་རྒྱུག་གི་རྨང་གཞིའི་སྒྲིག་བཀོད་མི་འདང་སར་ཁ་གསབ་བྱ་དགོས་པ་མ་ཟད། སྣ་མང་མཉམ་འབྲེལ་སྐྱེལ་འདྲེན་འཕེལ་རྒྱས་སུ་བཏང་སྟེ། འཁོར་རྒྱུག་གི་མ་རྩ་ཇེ་དམའ་རུ་གཏོང་དགོས། འཁོར་རྒྱུག་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ། ལས་རྣམ་གསར་པ་དང་རྣམ་པ་གསར་པ། ཡུལ་རྣམ་གསར་པ་བཅས་འཕེལ་རྒྱས་སུ་གཏོང་དགོས།
གྲོས་ཚོགས་ལས་གསར་དར་ཐོན་ལས་གཙོ་བོ་སྐྱེད་སྲིང་བྱེད་པའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས། གྲོས་ཚོགས་ལས་བསྟན་དོན། གསར་དར་ཐོན་ལས་གཙོ་བོའི་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། རྨང་གཞིའི་ཞིབ་འཇུག་དང་འགག་རྩའི་མཉེན་ཆས་དང་མཁྲེགས་ཆས་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། ལག་རྩལ་རིམ་འཇུག་དང་སྐྱེ་ཁམས་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་དགོས། ལྟ་སྐུལ་དོ་དམ་གྱི་རྣམ་པ་ལེགས་བསྒྱུར་བྱས་ཏེ། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་པ་དང་། གནས་འཛོལ་ངང་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱེད་དགོས།
གྲོས་ཚོགས་ལས་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་དང་བཀོལ་སྤྱོད་བྱེད་པའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས། གྲོས་ཚོགས་ལས་བསྟན་དོན། གཙོ་གཞི་བྱེད་ནུས་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྒྱལ་ཁོངས་བར་སྟོང་འཕེལ་རྒྱས་ཀྱི་གནས་སྟངས་ལེགས་སྒྱུར་བྱས་ཏེ། གྲོང་ཁྱེར་ཚོགས་དང་གྲོང་ཁྱེར་ཚོམས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས་བསྐྲུན་དགོས། རྒྱལ་ཁོངས་བར་སྟོང་བདེ་འཇགས་མཉེན་གཤིས་ཆེ་རུ་བཏང་སྟེ། རང་བྱུང་གནོད་འཚེའི་གནོད་འགོག་གནོད་སེལ་གྱི་ནུས་པ་མཐོ་རུ་གཏོང་དགོས།
གྲོས་ཚོགས་ལས《2026—2030ལོའི་དམངས་ཡོངས་ཀྱི་ལུས་སྦྱོང་འཆར་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་བསྟན་དོན། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་ཡུལ་གྱི་སྒྲིག་བཀོད་ཇེ་མང་དུ་བཏང་སྟེ། ལུས་སྦྱོང་ཁྱབ་གདལ་གཏོང་སྟངས་ཇེ་ལེགས་སུ་གཏོང་དགོས་པ་དང་། བདེ་ཐང་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་སུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་བདེ་ཐང་སྔར་ལས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱ་དགོས།
གྲོས་ཚོགས་ལས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།