
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བའི་རྩ་བའི་ཇུས་ཆེན་ཞིག་ཡིན་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་སྤྱི་ཡོངས་ཀྱི་བྱ་བའི་འགག་རྩ་རུ་བཟུང་སྟེ། གསར་གཏོད་རང་བཞིན་གྱི་ལས་དོན་རབ་དང་རིམ་པ་སྤེལ་བ་དང་། ཆོད་སེམས་བརྟན་ཞིང་། ཤུགས་ཚད་ཆེ་བ། ཕན་འབྲས་ཆེ་བ་སོགས་སྔར་བྱུང་མ་མྱོང་བས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གཞུང་ལུགས་ནས་ལག་ལེན་བར་གྱི་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་སྟེ། ཀུན་གྱིས་དོ་སྣང་བྱེད་པའི་སྐྱེ་ཁམས་ཀྱི་ངོ་མཚར་དང་ལྗང་མདོག་འཕེལ་རྒྱས་ཀྱི་ངོ་མཚར་བསྐྲུན།
མིག་སྔར། སའེ་ཧན་པཱ་འཕྲུལ་ཆས་ནགས་རའི་ས་རིམ་སྲབ་མོ་དང་བྲག་རྡོར་ཁྱབ་པའི་རྡོ་རྒྱུ་མུའུ་ཆིག་འབུམ་ལྷག་ཡོད་པ་དེ་དག་ཚང་མ་སྔོ་ལྗང་དུ་གྱུར་ལ། “བྲག་རྡོའི”སྟེང་དུ“སྔོ་ལྗང་གི་མཚོ་མོ”འཁྱིལ་ཡོད་པས། འཛམ་གླིང་རིམ་པའི་སྐྱེ་ཁམས་སླར་གསོ་ལ་འཕྲད་པའི་དཀའ་གནད་ཐམས་ཅད་ལེགས་པར་སེལ།
ཤིང་སྡོང་གཅིག་ནས་མུའུ་ས་ཡ་གཅིག་གི་ནགས་ཚལ་བར། ད་ལྟའི་ཀྲུང་གོའི་ཕྱོགས་སོ་སོ་རུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྔོ་ལྗང་གི་རྣམ་པས་ཡོངས་སུ་ཁེབས་ལ། བྱང་ཕྱོགས་ཐང་རྒོད་ཀྱི་བྱེ་འགོག་ལྗང་སྒྱུར་དང་། ལེ་བར་སྟོང་གི་གཙང་པོར་ཉ་དང་བྱ་བྱེའུ་ཡིས་ཁེངས་ཤིང་། རི་ཆུའི་མཛེས་སྡུག་མ་ལུས་ཕྱོགས་གཅིག་ཏུ་སྤུངས་ཏེ། བཟོ་གྲྭའི་ནང་དུ་སྔོ་ལྗང་གིས་རྣམ་པས་བརྒྱན་ཏེ། གྲོང་ཁྱེར་གྱི་སྲང་ལམ་ནས་སྒེའུ་ཁུང་ཕྱེས་པ་ཙམ་གྱིས་མཛེས་ལྗོངས་མཐོང་ཐུབ་པས། སྐྱེ་ཁམས་ཀྱི་བདེ་རྩ་ཁྱིམ་ཚང་ཁྲི་སྟོང་ལ་ཁྱབ་འདུག
སྐྱེ་ཁམས་དར་ན་དཔལ་ཡོན་དར། བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཡང་ཉིན་རེ་བཞིན་མངོན་གསལ་དུ་གྱུར་ཏེ། ཐོན་ཁུངས་ཟད་གྲོན་དང་སྦགས་བཙོག་ཕྱིར་གཏོང་སོགས་ཀྱི་གནད་དོན་དེ་རྒྱུན་མཐུད་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་མངོན་གསལ་གྱི་ཞན་ཆར་གྱུར། འཕེལ་རྒྱས་དང་སྲུང་སྐྱོབ་ཇི་ལྟར་བྱས་ཏེ་མཐུན་སྦྱོར་གོང་འཕེལ་ཡོང་དགོས་སམ།
2005ལོར། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཡི་འགན་བཞེས་པའི་ཞི་ཅིན་ཕིང་གིས“སྔོ་ལྗང་གི་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བཏོན་ནས། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་བར་རྒྱས་བཤད་གཏིང་ཟབ་གནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ལངས་ཏེ། འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གྲུབ་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པའི་ནང་བཅུག་སྟེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འདི་ཉིད་སྲིད་སྐྱོང་གི་འདུ་ཤེས་སུ་གྱུར་པ་དང་། སྐྱེ་ཁམས་དཔལ་ཡོན་རྩ་ཁྲིམས་ནང་བཀོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས“ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་སྤེལ་བྱེད་པའི”བཀོད་སྒྲིག་གལ་ཆེན་བྱས། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱ་ཆེད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་དེ་ལོ་རྒྱུས་སྟེང་བྱུང་མ་མྱོང་བ་དང་གཞི་ཁྱོན་ཧ་ཅང་ཆེ་བའི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་བརྒྱབ་པ་དང་། སྐྱེ་ཁམས་ཀྱི་བདག་རྐྱེན་སོ་སོ་དག་གི་འབྲེལ་བར་རྒྱས་བཤད་གཏིང་ཟབ་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་རི་ཆུ་ནགས་ཞིང་དང་། མཚེའུ་དང་རྩྭ་ཐང་བྱེ་མ་བཅས་ནི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཡིན་པའི་མ་ལག་རིང་བཞིན་གྱི་དགོངས་པ་བཏོན། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་མཐོ་ཚད་ནས་ལངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་དུས་རབས་གསར་པའི་རྒྱལ་ཁབ་ཀྱི“གཙང་བོའི་འཐབ་ཇུས”བཀོད་འབྲི་གནང་སྟེ། འབྲི་ཆུའི་དཔལ་འབྱོར་རྒྱུད་དུ“སྲུང་སྐྱོབ་ཆེན་པོ་མཉམ་དུ་འཛིན་པ་དང་། གསར་སྤེལ་ཆེན་པོ་མི་བྱེད་པར”སྐུལ་འདེད་བཏང་ལ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་བཀོད་སྒྲིག་གནང་བ་དང་། མིའི་རིགས་ཀྱི་དཔལ་ཡོན་ལ་འགན་འཁུར་བའི་མཐོ་ཚད་ནས་ལངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱས་ནས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་དམ་བཅའ་བཞག་སྟེ་དངོས་སུ་ལག་བསྟར་བྱེད་དགོས་པ་བཏོན།
དུས་རབས་གསར་པ་ནས་བཟུང་། བཅའ་ཁྲིམས་ལམ་ལུགས་རབ་དང་རིམ་པས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྲུང་སྐྱེལ་བྱས་ཤིང་། 《སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གང་མགྱོགས་སྒོས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང《སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་བསྒྱུར་གྱི་སྤྱིའི་ཇུས་གཞི》ཞེས་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་གཉིས་བཏོན་ཏེ། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་བསྒྱུར་གྱི“གདུང་བཞི་ཀ་བརྒྱད”བསྐྲུན། ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་དང་། ནགས་དཔོན་ལམ་ལུགས། སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེའི་གུན་གསབ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སོགས་ཀྱི་ལམ་ལུགས་རིམ་བཞིན་དོན་འཁྱོལ་བྱས་ནས་ནུས་པ་ཐོན། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་སུ་བཅའ་ཁྲིམས་དང་ཁྲིམས་སྲོལ་མང་པོ་གཏན་འབེབས་དང་བཟོ་བཅོས་བྱས་ལ། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་བྱས་ནས་བཏོན་ཏེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཁྲིམས་སྐྱོང་རྨང་རྡོ་སྔར་བས་སྲ་བརྟན་དུ་བཏང་།
མང་ཚོགས་ཀྱིས་བཏོན་པའི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་དམིགས་ཏེ་རྒྱལ་ཁབ་ཀྱིས་གནམ་སྔོན་ཆུ་དྭངས་དང་། ས་གཙང་གི་སྲུང་སྐྱོང་དམག་འཐབ་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་བཏང་ཡོད། རྗེས་ལུས་ཀྱི་ཐོན་ནུས་འདོར་བ་ནས་དྭངས་གཙང་དྲོད་ལེན་བསྒྱུར་བཀོད་བྱེད་པའི་བར་དང་། འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་བྱེད་པའི་བར། ཆུའི་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ལུད་རྫས་དང་ཞིང་སྨན་སྤྱོད་ཚད་ཇེ་ཉུང་དུ་བཏང་ནས་ས་རྒྱུའི་ཁོར་ཡུག་གི་ཉེན་ཁར་དོ་དམ་ཚོད་འཛིན་བྱས་པས། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཏེ་བཟང་ཕྱོགས་སུ་འཕེལ་ཡོད། རྒྱལ་ཡོངས་ཀྱི་PM2.5ཆ་སྙོམས་གར་ཚད2013ལོའི་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝེ་ཁེ68ནས2025ལོའི་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝེ་ཁེ28བར་མར་ཆག་ཡོད་པས། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་མཁའ་རླུང་སྤུས་ཚད་ཇེ་ལེགས་སུ་འགྲོ་བ་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་དང་། རྒྱལ་ཡོངས་ཀྱི་ས་ངོས་ཆུ་གཤིས་ལེགས་པའི་བསྡུར་ཚད་དེ་ལོ་བཅུའི་སྔོན་གྱི64%ཡས་མས་ནས2025ལོའི91.4%བར་འཕར་ཡོད། རང་རྒྱལ་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་གྱི་ཟིན་ཐོ་བཀོད་ཚུན་གྱི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད།
མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་མགྱོགས་མྱུར་ངང་བཙུགས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་མཐའ་ཁྱོན་ཡོངས་ནས་གཏན་འཁེལ་བྱས་པ་དང་། སྐྱེ་ཁམས་ཀྱི་བར་སྟོང་གལ་ཆེན་དང་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་དངོས་རིགས་དང་དེའི་འཚོ་སྡོད་གནས་ཀྱི་གཞི་ཁྱོན་ཆེན་པོ་དང་ཁྱོན་ཡོངས་རང་བཞིན་གྱི་སྲུང་སྐྱོབ་དེ་མངོན་འགྱུར་བྱས་པས། རྒྱལ་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་ལོ་བཅུའི་སྔོན་གྱི21.7%ནས་མིག་སྔའི་བརྒྱ་ཆའི་ཉེར་ལྔ་གྲངས་ཆུང་ཐིག་དགུ་བར་འཕར་ཏེ། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་སྔོ་ལྗང་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་གཞི་གདན་བཟང་པོ་ཞིག་བཏོད་དེ། ལྗང་མདོག་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ངང་ཆགས་པ་དང་། རྒྱལ་ཡོངས་སུ་སྔ་ཕྱི་སྡེབ་རྩིས་བྱས་ན་རྒྱལ་ཁབ་ཀྱི་ལྗང་མདོག་བཟོ་གྲྭ8000གསོ་སྐྱོང་བྱས་ཡོད་པ་དང་། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་གློག་ཤུགས་གཙང་མའི་མཁོ་སྤྲོད་མ་ལག་དང་ངར་ལྕགས་གཙང་མའི་ཐོན་སྐྱེད་མ་ལག་བཙུགས་ནས། སྤྱི་ཚོགས་ཡོངས་ཀྱིས་གློག་བཀོལ་བའི་ཚད་ཀྱི་ཁྲོད་ཏུའུ10རེའི་ནང་ཏུའུ4ནི་ལྗང་གློག་ཡིན་པ་དང་། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཐཱན་འབུད་གཏོང་དབང་ཆའི་ཉོ་ཚོང་ཚོང་ར་བཙུགས་ཡོད། དེ་དང་ཆབས་ཅིག་ཐཱན་ཉུང་འཚོ་བ་རིམ་བཞིན་དར་སྲོལ་ཞིག་ཏུ་གྱུར་ནས་ལྗང་མདོག་འཛད་སྤྱོད་ནས་ལྗང་མདོག་ཕྱིར་སྐྱོད་བར། ཆུ་གྲོན་ཆུང་དང་གློག་གྲོན་ཆུང་བྱས་ནས་གད་སྙིགས་རིགས་དབྱེ་བར་ལྗང་མདོག་ཚུལ་སྒྱུར་དེ་ང་ཚོའི་འཚོ་བའི་ཕྱོགས་གང་སར་ཁྱབ་བཞིན་ཡོད་པས། རིམ་བཞིན་སྣང་མེད་དུ་འཇོག་མི་རུང་བའི་བཙོག་འབུད་ཉུང་གཏོང་གི་སྟོབས་ཤུགས་སུ་འགྱུར་བཞིན་ཡོད།
ད་ལྟའི་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཞུགས་མཁན་དང་། བྱས་རྗེས་འཇོག་མཁན། སྣེ་ཁྲིད་བྱེད་མཁན་བཅས་སུ་འགྱུར་བཞིན་ཡོད། རྒྱལ་ཁབ་དང་ས་ཁུལ100ལྷག་གིས་རྒྱ་ཁྱབ་ངང་ལྗང་མདོག་ནུས་ཁུངས་ཀྱི་ལས་གཞི་སྣ་ཚོགས་མཉམ་ལས་བྱས་ནས། རང་ངོས་ཀྱི་ནུས་ཁུངས་གཙང་མའི་ལག་རྩལ་གྱི་ལེགས་ཆ་དེས་ས་གནས་དེའི་ཐོན་རྫས་དང་ཞབས་ཞུར་ཕན་ཐོགས་ཡོད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ། རང་རྒྱལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་མུ་མཐུད་དུ་ཇེ་མགྱོགས་སུ་བཏང་སྟེ། “ཐཱན་རྩེར་སོན་ལ་སྐུལ་འདེད་ཧུར་ཐག་དང་བརྟན་པོའི་ངང་མངོན་འགྱུར་བྱེད་པ”དང་། “ལྗང་མདོག་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ངང་ཆགས”སུ་འཇུག་དགོས། སྔོ་ལྗང་གི་རི་ཀླུང་ལ་སྲུང་སྐྱོབ་བྱས་ན། ལྗང་མདོག་གིས་མི་ལ་ཕན་འདོགས་ངེས་ཡིན། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པ་ཞིག་ཏུ་ལངས་ནས ། འཕེལ་རྒྱས་ཀྱི་དམིགས་འབེན་གསར་པར་གདོང་གཏད་དེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཕྱོགས་སྟོན་མཛུབ་སྟོན་འོག ཀྲུང་གོ་མི་དམངས་དུང་ཕྱུར་མང་པོས་འབད་བརྩོན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱས་ནས། ནམ་མཁའ་སྔར་ལས་སྔོ་བ་དང་། རི་བོ་སྔར་ལས་ལྗང་བ། ཆུ་བོ་སྔར་ལས་དྭངས་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་རྒྱུན་ཆད་མེད་པར་འབྲི་ཐུབ་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་རྩོམ་ཐུབ་ངེས་ཡིན།