ཞི་ཅིན་ཕིང་གིས་མོ་ཙམ་པི་ཁེའི་སྲིད་འཛིན་དང་གྲོས་མོལ་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ4པའི་ཚེས21ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་སྲིད་འཛིན་ཁྲ་པོ་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་ལ། ཞི་ཅིན་ཕིང་དང་ལྕམ་མོ་ཕིང་ལི་ཡོན་གྱིས་ཁྲ་པོ་དང་སྐུ་ཟླ་ཀུའེ་ཐཱ་དང་མཉམ་པར་བསྐྱོན་པའི་རྣམ་པ་རེད། 

ཟླ4པའི་ཚེས21ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་སྲིད་འཛིན་ཁྲ་པོ་དང་གྲོས་མོལ་གནང་། རྒྱལ་ཁབ་གཉིས་ཀྱི་དབུ་གཙོས་ཕྱོགས་གཉིས་ཀའི་འབྲེལ་བ་དེ་དུས་རབས་གསར་པའི་ཀྲུང་གོ་དང་མོ་ཙམ་པི་ཁེའི་ལས་སྐལ་གཅིག་མཐུན་ཚོགས་པ་མཐོ་རུ་གཏོང་རྒྱུར་མོས་མཐུན་བྱུང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་མོ་ཙམ་པི་ཁེ་དབར་གྱི་སྲོལ་རྒྱུན་མཛའ་བརྩེས་ལོ་རྒྱུས་རིང་བོ་བརྒྱུད་ཡོད། ཕྱི་འབྲེལ་བཙུགས་པ་ནས་བཟུང་། ཀྲུང་གོ་དང་མོ་ཙམ་པི་ཁེ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་ཡིད་ཆེས་དང་རོགས་རེས་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་བརྩེ་དང་འཛམ་གླིང་ལྷོ་ཕྱོགས་མཉམ་འབྲེལ་གྱི་དཔེ་མཚོན་དུ་གྱུར་ཡོད། གནས་བབ་གསར་པའི་འོག ཀྲུང་གོ་དང་མོ་ཙམ་པི་ཁེའི་མཛའ་བརྩེ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་ཞིང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་གཅོག་པའི་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ཡང་མཐུན། ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དང་། 2026ལོར“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་གཞུང་བརྗེ་རེས་ལོ”དོན་འཁྱོལ་བྱེད་པའི་གོ་སྐབས་དང་བསྟུན། ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ཕུགས་འདུན་མངོན་འགྱུར་བྱེད་འདོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་ནི་ཀྲུང་གོ་དང་མོ་ཙམ་པི་ཁེ་འབྲེལ་བའི་འབུར་ཐོན་ཁྱད་ཆོས་དང་ཆབ་སྲིད་ཀྱི་དགེ་མཚན་ཞིག་ཡིན་པས།  ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་ཞིང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་དུ་བློ་རྩ་བརྟན་པོས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། སྲིང་གཞུང་དང་སྲིད་ཏང་། ཁྲིམས་འཛུགས་ལས་ཁུངས། ས་གནས་སོགས་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་བར་འགྲོ་འོང་དམ་ཟབ་བྱས་ཏེ།  ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་དགོས། ཀྲུང་གོ་དང་མོ་ཙམ་པི་ཁེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ལ་གསབ་རེས་རང་བཞིན་ལྡན་པས། མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད། ད་ལོ་ནི་ཀྲུང་གོའི་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། མཉམ་ལས་བྱེད་སྟངས་གསར་གཏོད་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་ནུས་ཁུངས་གཏེར་ཐོན་ཕྱོགས་བསྡུས་གསར་སྤེལ་མཉམ་ལས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པ། ཞིང་ལས་དང་ནུས་ཁུངས་གསར་པ། གཞི་གྲངས་དཔལ་འབྱོར། མི་ཐབས་རིག་ནུས་སོགས་མཉམ་ལས་ཀྱི་འཕར་གནས་སྐྱེད་སྲིང་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།   འགྱུར་ལྡོག་ཆེ་ཞིང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཁ་གཏད་འཇལ་སྐབས།   ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སོགས་ལས་ཁུངས་ནང་ཁུལ་གྱི་མཐུན་སྦྱོར་གཞོགས་འདེགས་ལ་མུ་མཐུད་དུ་ཤུགས་སྣོན་དགོས་པར་མ་ཟད་མཐུན་སྒྲིལ་མཉམ་ལས་བྱེད་པ་དང་།  འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་མཉམ་དུ་དར་སྤེལ་བཏང་སྟེ། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་ངོ70འགོར་བའི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱིད་སྡུག་མཉམ་མྱོང་དང་དཔུང་པ་མཉམ་གཤིབ་ཀྱིས་མདུན་དུ་སྐྱོད་པ་དང་། ཀྲུང་གོ་དང་ཧྥེ་གླིང་གཙོ་ཡིན་པའི་འཛམ་གླིང་ལྷོ་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་ཆེ་བའི་འཛམ་གླིང་ཁྲོད་ཀྱི་དྲང་བདེན་སྟོབས་ཤུགས་དེ་ཡིན། དབུས་ཤར་ས་ཁུལ་གྱི་དམག་འཁྲུག་གིས་ཧྥེ་གླིང་རྒྱལ་ཁབ་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཧྥེ་གླིང་ཕྱོགས་དང་ལག་གདང་སྦྲེལ་ཏེ། ཐུན་མོང་སྒོས་ཞི་བདེར་སྐུལ་འདེད་དང་ཐུན་མོང་སྒོས་འཕེལ་རྒྱས་དོན་གཉེར་བྱེད་འདོད་ཡོད།  གཅིག་ནི་རྩ་དོན་བརྟན་སྲུང་བྱས་ནས་ཞི་བདེར་སྐུལ་འདེད་གཏོང་དགོས། མཉམ་དུ་དམག་འཁྲུག་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་སྟེ།  འདྲ་མཉམ་གྱི་གླེང་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་དུ་བསྟར་བར་སྐུལ་འདེད་བཏང་སྟེ།   མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ལ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱད་དགོས།  གཉིས་ནི་རང་ཚུགས་མ་ཤོར་པར་འཕེལ་རྒྱས་དོན་གཉེར་བྱེད་དགོས། ཀྲུང་གོས་སྤུས་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་མཐུད་རྒྱ་སྐྱེད་གཏོང་བའི་བརྒྱུད་རིམ་ཁྲོད། ཐོག་མཐའ་བར་གསུམ་དུ་ཧྥེ་གླིང་དམིགས་བསལ་ཀྱི་གོ་གནས་སུ་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་འབྲེལ་བ་བཙུགས་ཡོད་པའི་ཧྥེ་གླིང་གི་རྒྱལ་ཁབ53ལ་ཕྱོགས་ཡོངས་ནས་སྒོ་ཁྲལ་མི་དགོས་པའི་བྱེད་ཐབས་ལག་བསྟར་བྱ་རྒྱུ་ཡིན་པ་དང་།  སྟབས་བདེ་རྒྱུ་ལམ་སོགས་རིམ་སྤར་བྱེད་པ་བརྒྱུད་ཀྲུང་གོར་ཕྱིར་གཏོང་བྱེད་པའི་ཧྥེ་གླིང་གི་ཐོན་རྫས་ཀྱི་གཞི་རྒྱ་ཇེ་ཆེ་རུ་གཏོང་རྒྱུ་ཡིན། གསུམ་ནི་མཉམ་ལས་མཉམ་རྒྱལ་གྱི་དཔེ་མཚོན་འཛུགས་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥེ་གླིང་རྒྱལ་ཁབ་ཀྱི་བསམ་འཆར་དང་ལེན་བྱས་ཏེ། མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ་དང་། གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པ། ཧྥེ་གླིང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱས་ནས། དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད།

ཁྲ་པོ་ཡིས་ང་ད་ལོ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཧྥེ་གླིང་གི་འགོ་ཁྲིད་པ་དང་པོར་གྱུར་བར་ཤིན་ཏུ་དགའ་པོ་བྱུང་ཡོད། འདི་ལས་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་དང་སྤུན་ཟླའི་བརྩེ་འདང་མཚོན་ཡོད། མོ་ཙམ་པི་ཁེའི་མི་དམངས་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག   ཀྲུང་གོ་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་དགོས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུས་པ་ཡིན་ཞིང་། དེས་འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ལ་མིག་དཔེ་བསྟན་ཡོད། ཀྲུང་གོ་ནི་མོ་ཙམ་པི་ཁེ་ཡི་གྲོགས་པོ་ངོ་མ་ཡིན་ལ། ཐོག་མཐའ་བར་གསུམ་དུ་མོ་ཙམ་པི་ཁེ་ལ་སྒེར་སེམས་མེད་པའི་རྒྱབ་སྐྱོར་དང་རོགས་རམ་བྱས་པས།  མོ་ཙམ་པི་ཁེའི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་ལ་ཤིན་ཏུ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་བརྩི་སྲུང་ནན་མོ་བྱས་ཏེ་ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་བསྟན། མོ་ཙམ་པི་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་མཐུན་སྒྲིལ་མཛའ་འབྲེལ་དམ་ཟབ་ཏུ་འགྲོ་བ་དང་།    དཔལ་འབྱོར་ཚོང་དོན་དང་།  ཞིང་ལས།  ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། དུས་རབས་གསར་པའི་མོ་ཙམ་པི་ཁེ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པའི་ལེའུ་གསར་པ་མཉམ་དུ་བསྐྲུན་འདོད་ཡོད།  ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་དང་ཀྲུང་གོས་ཧྥེ་གླིང་གི་མཛའ་འབྲེལ་བཙུགས་པའི་རྒྱལ་ཁབ་ལ་སྒོ་ཁྲལ་མི་དགོས་པའི་སྲིད་ཇུས་ཀྱིས་ཧྥེ་གླིང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་གལ་ཆེན་མཁོ་འདོན་བྱས་པས།    ཀྲུང་གོ་ཕྱོགས་ཀྱིས་ཧྥེ་གླིང་གི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་ཡིན།    ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་།    གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཅས་བཏོན་ཏེ།  འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་ཕུལ་ཡོད་པས།   མོ་ཙམ་པི་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དོན་འཁྱོལ་བྱས་ནས་འཛམ་གླིང་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་འདོད་ཡོད། 

གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་།  གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དོན་འཁྱོལ་བྱེད་པ། དཔལ་འབྱོར་ཉོ་འཚོང་། མི་གཞུང་བརྗེ་རེས།    སྨན་བཅོས་འཕྲོད་བསྟེན་དང་གསར་འགྱུར་སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ20ལྷག་ལ་མཚན་རྟགས་བཀོད་པར་བདེན་དཔང་གནང་། 

ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མོ་ཙམ་པི་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་རབས་གསར་པའི་ཀྲུང་གོ་དང་མོ་ཙམ་པི་ཁེའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

དེའི་དགོང་མོར། ཞི་ཅིན་ཕིང་དང་ཕེང་ལི་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཁྲ་པོ་བཟའ་ཟླ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བསྡུས་པ་རེད།

ཝང་དབྱི་གོང་གི་བྱེད་སྒོར་ཞུགས།