ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
ཁུངས། ཀློག་གྲངས།
      ཟླ4ཚེས21ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་རེ་གཉིས་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུང་རིན་གཞོན་པ་དབྱང་ཧྥེང་ཁྲུན་གྱིས་འགོ་འཛིན་བྱས། ཀྲང་ཧོང་ཡོན་དང་ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་ལས་བསྟན་དོན། དུས་རབས་གསར་པའི་གསར་གཏོད་མཐོ་ས་བསྐྲུན་རྒྱུ་དང་རྒྱལ་ཁོངས་ལྗང་སྒྱུར་ལ་སྐུལ་འདེད་གཏོང་བ། ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་གཏོང་བ། དམག་དཔུང་དང་ལས་བྱེད་པའི་དཔུང་ཁག་གི་གསར་བརྗེ་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་པ་སོགས་བླང་བྱར་དམིགས་ནས། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་དགོས། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་རང་འགུལ་ངང་འགན་འཁྲི་ཁུར་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཁྲིམས་སྐྱོང་གི་འཛིང་རགས་སྲ་བརྟན་དུ་གཏོང་དགོས། ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་པ་དང་། དམངས་ཆེན་གྱི་འགན་ནུས་ངེས་གནས་ལ་རྐང་བཙུགས་ཏེ། ཁྲིམས་ལྟར་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ལས་འགན་ལག་བསྟར་བཟང་པོ་བྱེད་པ་དང་། སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་འགན་སྲུང་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་དགོས། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འགན་ནུས་དང་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས། ཞིང་ཆེན་ཏང་ཨུའི་དཀྱིལ་སྙིང་བྱ་བར་དམིགས་ནས། དམངས་ཆེན་གྱིས་འགན་ནུས་སྒྲུབ་པའི་འཇུག་སྒོ་དང་ཤུགས་རྒྱག་ས་གནད་ལ་འཁེལ་བའི་ངང་འཚོལ་བ་དང་། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དམངས་ཆེན་གྱི་ཁག་ཁུར་མངོན་པར་བྱེད་དགོས། ཆབ་སྲིད་འཛུགས་སྐྲུན་གྱིས་སྣེ་འདོམས་བྱེད་པ་རྒྱུན་འཁྱོངས་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཁ་ཕྱོགས་གཏན་འཁེལ་དང་། ཁྱོན་ཡོངས་ལ་དོ་དམ། དོན་འཁྱོལ་ལ་འགན་ལེན་བྱེད་པའི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། ཡར་ཞུ་དང་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུ་དེ་དམངས་ཆེན་གྱིས་ཁྲིམས་ལྟར་འགན་སྒྲུབ་བྱེད་པའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་དོན་འཁྱོལ་བྱེད་དགོས། 

གྲོས་ཚོགས་ལས《2026ལོའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་ལས་ཁུངས་ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་འཆར་གཞི》དང《ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་སློབ་སྦྱོང་སློབ་གསོའི་དག་ཐེར་བཅོས་སྒྲིག་ཐོ་ཡིག》སོགས་ལ་གྲོས་ཞིབ་བྱས།

ཤ་བོ་གསེར་མཚོས་སྒྱུར།